རྒྱ་ནག་གི་ལོ་རེའི་ཆབ་སྲིད་ཐད་ཀྱི་ཚོགས་ཆེན་གལ་ཆེན་གཉིས་འཚོགས་ལ་ཉེ་བ་དང་རྒྱ་ནག་ནང་དམ་དྲག་བྱེད་བཞིན་ཡོད་འདུག
རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཞེས་བ་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་བཞི་བའི་ཚོགས་ཐེངས་གསུམ་པ་གཉིས་བཅས་སོ་སོར་ཕྱི་ཟླ་གསུམ་པའི་ཚེས་ ༤ ་དང་། ཕྱི་ཟླ་གསུམ་པའི་ ༥ ་སོ་སོར་འགོ་བཙུགས་གནང་གི་ཡོད་པ་དང་། ཚོགས་ཆེན་དེ་གཉིས་འགོ་མ་བཙུགས་སྔོན་གྱི་རྒྱ་ནག་གི་དབུས་ཆབ་སྲིད་རྒྱུན་ལས་ཚོགས་འདུའི་ཐོག་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དེ་ཨང་དང་པོར་འཇོག་རྒྱུ་དེ་གཙོ་སྙིང་ཡིན་པ་ནན་བརྗོད་དང་། ད་ལོ་ནི་རྒྱ་ནག་གི་ལོ་ལྔའི་འཆར་འགོད་ཐེངས་བཅུ་བཞི་བ་མཇུག་སྒྲིལ་བའི་དུས་ཡིན་པས། ངེས་པར་དུ་དམིགས་འབེན་ལས་འགན་དེ་སྤུས་དག་ངང་ལེགས་འགྲུབ་བྱས་ནས། ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་བར་རྨང་གཞི་ལེགས་པོ་གཏིང་དགོས་ཚུལ་ནན་བརྗོད་བྱས་འདུག
གནད་དོན་དབྱེ་ཞིབ་པས་གོང་བརྗོད་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྟེང་དེང་སྐབས་འཛམ་གླིང་གི་ས་བབ་ཆབ་སྲིད་དང་། དཔལ་འབྱོར་ཁོར་ཡུག་ངེས་གཏན་མེད་པའི་གནས་སྟངས་མུ་མཐུད་དུ་ཛ་དྲག་འགྲོ་བཞིན་པའི་སྐབས་དང་། ཨ་རི་དང་རྒྱ་ནག་བར་ཚོང་འབྲེལ་རྩོད་རྙོག་ཤུགས་ཆེར་འགྲོ་བ་བཅས་ཀྱི་དུས་སུ། རྒྱ་ནག་གིས་ཇི་ལྟར་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་བརྟན་ལྷིང་གཏོང་ཐབས་དང་ཕྱིའི་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་བཅས་ནི་ད་ལོའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་གཙོ་སྙིང་དེ་ཡིན་པ་བརྗོད་ཀྱིན་འདུག རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་མ་འཚོགས་གོང་ནས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་མི་སྣ་དང་། ཐོབ་ཐང་དོན་གཉེར་བ་རྣམས་ལྟ་རྟོག་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།