དབྱིན་ཡུལ་གྲོས་ཚོགས་ནང་རྒྱ་ནག་གི་གསང་མྱུལ་བ་འཛུལ་ཡོད་པའི་ཉེན་བརྡ་བཏང་འདུག

2022.01.14
དབྱིན་ཡུལ་གྲོས་ཚོགས་ནང་རྒྱ་ནག་གི་གསང་མྱུལ་བ་འཛུལ་ཡོད་པའི་ཉེན་བརྡ་བཏང་འདུག དབྱིན་ཡུལ་གྱི་གྲོས་ཚོགས་ཁང་གི་མདུན། ༠༡།༡༤།༢༠༢༢
AP

རྒྱ་ནག་གི་དོགས་ཡོད་མྱུལ་མ་ཞིག་དབྱིན་ཡུལ་གྱི་གྲོས་ཚོགས་ནང་ཆེད་མངགས་ཀྱིས་ཆབ་སྲིད་ཀྱི་གནད་དོན་ནང་ཐེ་ཇུས་ཀྱི་ལས་འགུལ་རྩོམ་བཞིན་ཡོད་པ་དངོས་འབྲེལ་ཡིན་པ། དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་(Lindsay Hoyle)་ལགས་ཀྱིས་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་དང་གྲོས་བསྡུར་བྱས་ནས་གནད་དོན་དེའི་ཐད་གྲོས་ཚོགས་འཐུས་མི་རྣམས་ལ་བརྡ་ཁྱབ་བཏང་ཡོད་པ་གསུངས་འདུག
བརྡ་ཐོ་དེའི་ནང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་དོགས་ཡོད་གསང་མྱུལ་བ་(Christine Lee)་ཞེས་པ་དབྱིན་ཡུལ་དུ་ཁྲིམས་རྩོད་པའི་ལས་ཀ་བྱེད་བཞིན་པ་ཞིག་གིས། གྲོས་ཚོགས་ནང་ཆབ་སྲིད་ཐད་ཐེ་ཇུས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་དང་དབྱིན་ཡུལ་གྱི་ངལ་རྩོལ་ཆབ་སྲིད་ཚོགས་པ་དང་། གཞུང་འཛིན་དཔོན་རིགས་ཟུར་པ་(Barry Gardiner)་ཞེས་པ་ཁོང་ལ་འདས་པའི་ལོ་ལྔའི་ནང་དབྱིན་སྒོར་འབུམ་བཞི་དང་ཁྲི་གཉིས་ལྷག་ཞལ་འདེབས་ཚུལ་དུ་སྤྲད་ནས། ཁོང་མོས་རེ་བ་བྱེད་སའི་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་དང་ཧོང་ཀོང་ནང་ཡོད་པའི་ཕྱི་མིའི་ཚབ་བྱས་ནས་དངུལ་གྱི་ཞལ་འདེབས་སྤྲོད་ཐབས་བྱས་ཡོད་པ་བརྗོད་འདུག
དངུལ་གྱི་ཞལ་འདེབས་མཐུན་རྐྱེན་སྦྱོར་སྤྲོད་དེ་ཡང་གསང་བའི་ཐོག་དངུལ་གྱི་ཐོག་མའི་འབྱུང་ཁུངས་འགེབས་ཐབས་བྱས་ཡོད་ཅིང་། བྱ་སྤྱོད་དེའི་རིགས་ལ་ངོས་ལེན་བྱེད་ཐབས་མེད་པ་ཞིག་དང་དེ་རིགས་འཕྲལ་དུ་མཚམས་འཇོག་ཡོང་བར་དགོས་ངེས་ཀྱི་ལས་དོན་ལག་བསྟར་བྱེད་རྒྱུ་ཡིན་པ་གྲོས་ཚོགས་ཀྱི་བརྡ་ཐོ་ནང་གསལ་འདུག
ད་རེས་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་ཚོགས་འཐུས་མི་རྣམས་ཀྱི་བདེ་འཇགས་དང་། ལྷག་པར་དུ་དམངས་གཙོའི་བྱ་རིམ་ཐད་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་གསང་བའི་ལས་ཁུངས་དང་གྲོས་མོལ་གྱིས་བརྡ་ཐོ་དེ་བཏང་བ་རེད་ཅེས་གྲོས་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བརྗོད་འདུག
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་ལ་ཐད་ཀར་སྐྱོན་བརྗོད་བྱེད་མཁན་(Iain Duncan Smith)་ལགས་ཀྱིས། རྒྱ་ནག་གི་གསང་མྱུལ་བ་གྲོས་ཚོགས་ནང་ཡོང་བཞིན་པ་ནི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དང་། གཞུང་གིས་ངོས་ནས་གནད་ལ་འཁེལ་བའི་ཡ་ལན་ཞིག་སྤྲོད་དགོས་པ་བརྗོད་འདུག
ལོ་སྔོན་མ་དབྱིན་ཡུལ་གྱི་ཚོགས་པ་དང་མི་སྒེར་པ་བཅས་བཅུ་གྲངས་ཞིག་ལ་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་ཚུལ་རྫུན་བཤད་བྱེད་བཞིན་པར་ཁ་གཡར་ནས་རྒྱ་ནག་གཞུང་གིས་བཀག་སྡོམས་ཉེས་ཆད་བཅད་ཁོངས་སུ་གྲོས་ཚོགས་འཐུས་མི་(Duncan Smith)་ཡང་ཚུད་ཡོད་པ་རེད་འདུག
ཡང་གནས་ཚུལ་ལྟར་ན། དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ་(Theresa May)་ ཡི་རྙིང་ཞེན་ཆབ་སྲིད་ཚོགས་པས་༢༠༡༩་ལོར་གོང་ཞུས་དོགས་ཡོད་གསང་མྱུང་བ་(Christine Lee)་ཞུ་བ་ཁོང་མོ་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱི་འབྲེལ་ལམ་ཐད་ལེགས་སྐྱེས་འབུལ་བར་ངོས་འཛིན་གྱིས་གཟེངས་རྟགས་ཕུལ་ཡོད་པ་དང་། མ་ཟད་གོང་ཞུས་དོགས་ཡོད་གསང་མྱུལ་བ་ཁོང་མོ་དང་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་(David Cameron)་མཉམ་དུ་༢༠༡༥་ལོར་བརྒྱབ་པའི་འདྲ་པར་ཞིག་དང་། དེ་བཞིན་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཟུར་པ་(Jeremy Corbyn)་ལྷན་དུ་རྒྱབ་པའི་པར་ཡོད་པ་བཅས་དབྱིན་ཡུལ་གྱི་མཐོ་རིམ་མི་སྣ་ཁག་དང་འབྲེལ་བ་ཡོད་པ་ཡང་བསྟན་འདུག
གཞན་ཡང་དབྱིན་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་(Times of London)་ཞེས་པའི་ནང་། རྒྱ་ནག་གི་སྲིད་འཛིན་(Xi Jinping)་༢༠༡༩་ལོར་དབྱིན་ལེན་དུ་ཕེབས་སྐབས་སུ་དོགས་ཡོད་གསང་མྱུལ་(lee)་ཁོང་མོས་སྲིད་འཛིན་དང་མཉམ་གནད་ཡོད་ཀྱི་སྐུ་མགྲོན་ཡིན་པ་མཉམ་དུ་བརྒྱབ་པའི་འདྲ་པར་ཡང་ཡོད་པ་རེད་འདུག
ད་ལྟའི་སྐབས་སུ་རྒྱ་ནག་གི་གསང་མྱུལ་མ་(Lee)་ཞེས་བ་དབྱིན་ཡུལ་གྱི་གྲོས་ཚོགས་ནང་འཛུལ་མི་ཆོག་པ་བཟོས་ཡོད་ཀྱང་འཛིན་བཟུང་དང་ཕྱི་ལོག་བྱེད་རྒྱུའི་ཐག་གཅོད་བྱས་མེད་པ་རེད། གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎