རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཉིན་དང་བསྟུན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག


2020.07.23
རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཉིན་དང་བསྟུན་རྡ་རམ་སཱ་ལར་རྒྱ་ནག་གཞུང་ལ་ངོ་རྒོལ། ༢༠༢༠།༧།༢༣ རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཉིན་དང་བསྟུན་རྡ་རམ་སཱ་ལར་རྒྱ་ནག་གཞུང་ལ་ངོ་རྒོལ། ༢༠༢༠།༧།༢༣
RFA/Dhasa

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༩༩་འཁོར་བའི་སྐབས་བོད་ནང་སྡུག་སྦྱོང་མནར་གཅོད་མཚམས་འཇོག་དགོས་བ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༩༩་འཁོར་བའི་ཉིན། སྤྱི་ཟླ་༧་པའི་ཚེས་༢༣་ཉིན་མོར། རྒྱ་གར་རྡ་རམ་སཱ་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཕྲེད་དར་ཆེན་པོ་ཞིག བཞུགས་སྒར་གཙུག་ལག་ཁང་གི་གཞུང་ལམ་གྱི་ཁང་བརྩེགས་ལས་འཕྱང་ནས་འཕྲེད་དར་གྱི་ངོས་སུ་རྒྱ་ནག་མགོ་རྟིང་སློག་དགོས་པ་དང་། བོད་རང་དབང་གི་འབོད་ཚིག་འཁོད་ཡོད་ཅིང་། རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་གྱིས། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཉིན་འདི་ནི། བོད་དང་ཧོང་ཀོང་། ཐེ་ཝན་སོགས་ཀྱི་མྱ་ངན་གྱི་ཉི་མ་ཞིག་ཡིན་ཁར། རྒྱ་ནག་གིས་རྒྱ་གར་དང་འབྲུག་བལ་པོ་བཅས་སུ་ལོ་ལྟར་ས་མཚམས་ཀྱི་རྙོག་དྲ་བསླང་གི་ཡོད་པས། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཅེས་དང་། ད་དུང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱིས་འཛམ་གླིང་གི་མི་མང་ས་ཡ་མང་པོ་ལ་དཀའ་ངལ་འཕྲད་བཞིན་པར་བརྟེན། རྒྱ་གར་གྱིས་སྣེ་ཁྲིད་དེ་རྒྱ་ནག་ལ་དྲི་བ་གཏོང་དགོས་པ་མ་ཟད། རྒྱ་གར་དུ་སློབ་ཚན་ནང་བོད་རང་བཙན་ཡིན་པའི་ལོ་རྒྱུས་བཅུག་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ལས་འགུལ་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་ཡང་བཅར་ཡོད་པ་ལས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་ཚེ་རིང་གིས། རྒྱ་ནག་གཞུང་ནས་ལོ་ངོ་དགུ་བཅུ་གོ་དགུའི་རིང་རྒྱ་རིགས་དང་གྲངས་ཉུང་མི་རིགས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་སོང་།
ད་དུང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་བཟུང་མི་འབོར་ས་ཡ་བདུན་ཅུ་ལྷག་གི་སྲོག་ཤོར་ཡོད་པ་དང་། བོད་མི་ས་ཡ་གཅིག་ལྷག་གི་སྲོག་བཅས་ཤོར་ཡོད་པ་མ་ཟད། ད་ལྟའི་གནས་སྐབས་སུ་ཡང་བོད་མི་མང་པོ་བཙོན་ཁང་དུ་ཡོད་པ་སོགས་སྡུག་སྦྱོང་མྱོང་གི་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པར་བོད་མི་ཚོའི་ངོས་ནས་ངོ་རྒོལ་དང་མྱ་ངན་བྱ་དགོས་པ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་ནག་དམར་ཤོག་ཚོགས་པ་ནི་སྤྱི་ལོ་༡༩༢༡་ལོའི་ཟླ་༧་པའི་ཚེས་༢༣་ཉིན་བཙུགས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱེད་པོ་དང་རྒྱ་ནག་ཁ་ལོ་བསྒྱུར་མཁན་གྱི་ཆབ་སྲིད་ཚོགས་པ་གཅིག་པུ་དེ་ཡིན་ཅིང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎