རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐེར་འདོན་གནང་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧོང་ཀོང་དམངས་གཙོ་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་ཕྱོགས་བསྒྲིགས་གནང་པའི། དྲག་གནོན་ཕྱིར་འདྲེན་བྱེད་པ་སྟེ། ཕྱི་ལོ་༢༠༢༣ཟླ་ ༡༡པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་སན་ཧྥ་རན་སིསི་ཁོ་གྲོང་ཁྱེར་དུ་སླེབས་དུས་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་པའི་སྙན་ཐོ་ཤོག་གྲངས་༡༦༠་ལྷག་ཡོད་པ་ཞིག་༢༠༢༤ཕྱི་ཟླ་༧ཚེས་ ༣༠རེས་གཟའ་མིག་དམར་ཉིན་དྲྭ་ལམ་བརྒྱུད་གསར་འགོད་ལྷན་ཚོགས་དང་མཉམ་འདོན་སྤེལ་གནང་སོང་།
སྐབས་དེར་སྙན་ཐོ་དེའི་རྩོམ་པ་པོའི་འགན་འཁུར་བ་སྦརཱཡེན་ཀེརན་( Brain Kern)་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པདྨ་སྒྲོལ་མ་ལགས། ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས། ཧོང་ཀོང་དམངས་གཙོ་ལྷན་ཚོགས་ཀྱི་འགན་འཛིན་ཨེ་ན་ཀུཝོཀ་(Ana Kwok)་ལགས། རྒྱལ་སྤྱིའི་ཞུ་གཏུག་ལས་འགུལ་དང་ལས་འཆར་ལས་རོགས་ཁར་མེན་ལའོ་(Carmen Lau)་ལགས་བཅས་ཀྱིས། རྒྱ་ནག་དམར་ཤོག་གིས་རྒྱལ་མཚམས་བརྒལ་ནས་ཨ་རིའི་མི་སེར་ལ་ཨ་རིའི་ས་ཐོག་ཏུ་དྲག་གནོན་དང་། བརྙས་བཅོས། འཇིགས་སྐུལ། བཙན་གནོན་བྱས་ཀྱང་ས་གནས་ཀྱི་ཉེན་རྟོག་པ་དང་། སྒྲིག་ཁྲིམས་ལྟ་སྲུང་བྱེད་མཁན་ཚོས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ཐད་གོ་རྟོགས་མེད་པ་དང་སྲུང་སྐྱོབ་ཀྱང་དེ་ཙམ་བྱུང་མེད་པའི་སྐོར་གསུངས་སོང་།
འཆི་མེད་ལྷ་མོ་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་སོང་མང་པོ་བཏང་སྟེ་ཨ་རི་ཚུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་མཚམས་བརྒལ་ནས་འཇིགས་སྐུལ་དང་། བསུན་གཙེར་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང་། ཨ་རི་ལྟ་བུའི་རང་དབང་གི་ལུང་པར་ཨ་རིའི་མི་སེར་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱས་པ་དེ་དག་ནི་བློ་ཁོག་དང་ཧམ་བཤད་མདོང་ཐུག་དྲག་གནོན་གྱི་བྱ་སྤྱོད་སྤེལ་བའི་དུས་ཚོད་ལ་སླེབས་ཡོད་ཅིང་། འདི་ཡང་ཨ་རིའི་གཞུང་དང་དམངས་གཙོར་དོ་ཕོག་འགྲོ་རྒྱུར་བློ་ཚབས་དགོས་པ་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྙན་ཐོའི་ནང་ཞི་ཅིན་ཕིན་༢༠༢༣་ལོའི་ཟླ་བ་༡༡་ཚེས་༡༤་ནས་༡༧་བར་(APEC)་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་ཚོགས་བཅར་ཆེད་ཨ་རིའི་(San Francisco)་གྲོང་ཁྱེར་དུ་ཡོང་པའི་སྐབས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་གི་རང་དབང་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་ཕྱོགས་ཐ་དད་འཛིན་མཁན་རྒྱ་རིགས་བཅས་ཀྱིས་ངོ་རྒོལ་སྐད་འབོད་བྱས་སྐབས། ཞི་ཅིན་ཕིན་ལ་དགའ་བསུ་བྱེད་མཁན་རྒྱ་མི་རིགས་ཀྱིས་དྲག་སྤྱོད་སྤེལ་པའི་གནས་ཚུལ་མི་འདྲ་བ་༣༤་བྱུང་ཡོད་པ་རྣམས་རྒྱ་ནག་དམར་ཤོག་གི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་འབྲེལ་བ་ཡོད་པ་གསལ་སྟོན་གནང་འདུག བོད་དོན་ལས་འགུལ་བ་ཚོས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་སྐབས་རྒྱ་མི་རིགས་དེ་ཚོས་ཉི་གདུགས་དང་ལྕགས་ཀྱི་དར་ཤིང་གིས་རྡུང་རྡེག་བཏང་བ་དང་། གྲིས་རྒྱབ་པ། ཆུ་དང་བྱེས་མས་བཀང་བའི་ཤེལ་དམ་གཡུག་པ། བོད་མིའི་ངོ་རྒོལ་ལས་འགུལ་རྗེས་སུ་རྒྱ་མི་རིགས་ཁག་ཅིག་གིས་རྗེས་འདེད་དང་བསུན་གཙེར་བཟོས་པའི་དྲག་གནོན་སོགས་པར་རིས་དང་བརྙན་ཡང་སྙན་ཐོའི་ནང་བཏོན་ཡོད་པ་མ་ཟད་རྒྱ་རིགས་དྲག་གནོན་བྱེད་མཁན་དེ་ཚོའི་ངོས་བཟུང་ཡོད་པ་དང་དེ་ཚོའི་པར་རིས་དང་མཉམ་རྒྱབ་ལྗོངས་ཀྱང་གསལ་སྟོན་གནང་འདུག
འཆི་མེད་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་བཞིན་པར་མ་བལྟོས་བར་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཆེད་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུར་འབད་རྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།