ལྷ་སའི་ནང་བོད་མི་ཚོར་དམ་དྲག་དང་རྒྱ་རིགས་ཡུལ་སྐོར་བར་དམིགས་བསལ་མཐུན་རྐྱེན་སྦྱོར་བཞིན་འདུག


2020.07.23
ལྷ་སའི་བར་སྐོར་གླིང་། ༢༠༢༠།༧ ལྷ་སའི་བར་སྐོར་གླིང་། ༢༠༢༠།༧
TW/FB

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཚན་པ་ཁག་གི་ལས་བྱེད་དང་། ལས་བཟོ་བ། སློབ་མ། རྒས་ཡོལ་ཞུས་ཟིན་པའི་བོད་པ་ཚོ་རྩ་ཆེའི་ལོ་རྒྱུས་ལྡན་པའི་རིས་མེད་དགོན་པ་ཁག་ནང་མཆོད་མཇལ་དུ་བསྐྱོད་རྒྱུར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ནས་ཡོང་མཁན་རྒྱ་མི་ཡུལ་སྐོར་བ་ཚོ་དགོན་པ་ཁག་ཏུ་བསྐྱོད་རྒྱུར་དམིགས་བསལ་མཐུན་རྐྱེན་སྦྱོར་བཞིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༧་ཚེས་༢༢་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཀྱིས་བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་གནས་སྟངས་ལ་རྟོགས་ཞིབ་ལྟ་སྐོར་བྱས་སྐབས། རྒྱ་ནག་དབུས་གཞུང་གི་རེ་བ་བཞིན་བོད་ཀྱི་དངོས་ཡོད་གནས་སྟངས་ཟུང་འབྲེལ་བྱས་ཏེ། བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་བོད་ཀྱི་ཡུལ་སྐོར་བྱ་གཞག་སྔར་ལྟར་སླར་གསོ་ཡོང་བ་བྱེད་དགོས་པའི་ནན་བརྗོད་བྱས་ཡོད་འདུག་ལ། རྒྱ་ནག་ནས་ཆེད་མངགས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཚོར་ཞབས་ཞུའི་ལས་དོན་འཐུས་སྒོ་ཚང་རུ་གཏོང་དགོས་པ་བརྗོད་འདུག
བོད་ནང་མཚོན་ན། ད་ཆ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་མང་པོ་ཞིག རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་བའི་སྤྲོ་སྐྱིད་གཏོང་ཡུལ་ཞིག་ཏུ་གྱུར་ནས་ས་གནས་ཀྱི་བོད་མི་ཚོའི་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་རིག་གཞུང་གི་འཚོ་བ་ནས་རྒྱང་ཐག་རིང་རུ་གཏོང་གི་ཡོད་པ་མ་ཟད། འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་འབྲེལ་བ་རྩ་བ་ནས་མེད་པའི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད་པར་བོད་ནང་གི་བོད་མི་ཚོས་སེམས་འཚབ་བྱེད་བཞིན་ཡོད་འདུག
ད་རེས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་དཔོན་རིགས་ཝུའུ་དབྱིང་ཅེས་ལྷ་སའི་ཁྲོམ་གཞུང་ཐོག་བསྐྱོད་དེ་རྒྱ་མི་ཡུལ་སྐོར་བར་འཚམས་འདྲི་བྱས་པ་དང་། དུས་མཚུངས་རྒྱ་ནག་ནས་བོད་ལ་ཡུལ་སྐོར་བ་མང་ཙམ་ཡོང་ཐུབ་རྒྱུ་དང་། བོད་ལ་རྒྱུས་མངའ་དང་དྲིལ་བསྒྲགས་མང་ཙམ་བྱེད་རྒྱུའི་རེ་བ་བཏོན་ཡོད་འདུག
ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེར་བསྐོས་པ་ནས་བཟུང་བོད་ནང་ཆོས་ཕྱོགས་དང་བོད་མིའི་གང་ཅིའི་རང་དབང་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་ལྷ་སའི་ནང་མཚོན་ན་ཚན་པ་ཁག་ནང་གི་ལས་བྱེད་ལས་བཟོ་བ་དང་། སློབ་མ། རྒས་ཡོལ་ཞུས་ཟིན་པའི་མི་སྣ་ཚང་མ་གླིང་སྐོར་དང་བར་སྐོར། རྩེ་སྐོར་ལ་སོགས་པར་སྐྱོད་ཆོག་གི་མེད་ལ། རིས་མེད་དགོན་པ་ཁག་ནང་མཆོད་མཇལ་ཞུ་བར་དེ་བས་སྐྱོད་མི་ཆོག་པའི་ཐོག་ཐ་ན་བར་སྐོར་ནང་གི་ཟ་ཁང་རིགས་ལ་སྐྱོད་པ་ཡིན་རུང་སྤྱི་འབངས་ཀྱི་ཐོབ་ཐང་ལག་འཁྱེར་བཤེར་ནས་འགྲོ་དགོས་ཀྱི་ཡོད་འདུག་ལ། གང་སར་པར་ཆས་བཙུགས་ཏེ་སྟངས་འཛིན་འོག་གནས་ཡོད་འདུག
ཡང་ཕོ་བྲང་པོ་ཏཱ་ལ་དང་ལྷ་ལྡན་གཙུག་ལག་ཁང་། ལྷ་སའི་ཡུལ་སྐོར་གྱི་ལྟེ་གནས་སུ་གྱུར་ནས་རྒྱ་མི་ཡུལ་སྐོར་བ་རང་དབང་ངང་སྐྱོད་ཆོག་པ་དང་། ས་གནས་ཀྱི་བོད་མི་ཚོར་ཞིབ་བཤེར་ནན་པོའི་ཐོག་ལས་བྱེད་པ་དང་སློབ་མ་བསྐྱོད་རྒྱུར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་པ་བོད་ནས་འགྲེལ་བརྗོད་གནང་གི་འདུག   བོད་ནང་བཞུགས་མཁན་བོད་མི་ཚོས་བོད་འདི་བཞིན་ཡུལ་སྐོར་གྱི་ལྟེ་གནས་ཤིག་ཏུ་གྱུར་ནས། བོད་ཀྱི་གནའ་བོའི་དགོན་སྡེ་དང་བོད་ཀྱི་ཐོན་ཁུངས་ཁག་རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་བར་ཞབས་ཞུ་བསྒྲུབ་པའི་ཆ་ཤས་ཤིག་ལས།་བོད་པར་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལོངས་སྤྱོད་ཀྱི་གོ་སྐབས་མེད་པ་མ་ཟད། ཕོ་བྲང་པོ་ཏཱ་ལར་ཉིན་ལྟར་ཡུལ་སྐོར་བ་བཞི་སྟོང་ལྷག་བཏང་པ་དེས་ས་རྡོ་ལས་གྲུབ་པའི་གནའ་བོའི་ཕོ་བྲང་འདིའི་འཛུགས་སྐྲུན་ལ་གཏོར་བཤིག་ཚད་མེད་འགྲོ་བཞིན་ཡོད་པ་བརྗོད་ཀྱི་ཡོད་འདུག་ལ། ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ལ་ཡོད་པའི་བོད་ཀྱི་ས་ཁུལ་ནས་ལྷ་སར་སྐྱོད་མཁན་ཚོར་རྒྱ་ནག་ནས་ཡོང་མཁན་རྒྱ་མི་དང་མི་འདྲ་བར་དམ་བསྒྲགས་བཀག་འགོག་ཆེ་བ་ཡོད་པ་དེའི་ཁྲོད་ནས། མི་རིགས་དབྱེ་འབྱེད་དང་བོད་པར་ཐོབ་ཐང་མེད་པའི་རྣམ་པ་ཞིག་གསལ་རྟོགས་ཐུབ་རྒྱུ་ཡིན་པ་བརྗོད་མཁན་འདུག  
དེ་མིན་ཡང་ལྷ་སའི་སློབ་གྲྭ་ཁག་དབྱར་ཁའི་གུང་གསེང་བཞག་ཡོད་པས། སློབ་མ་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་རྩ་བ་ནས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎