རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་རྒྱུའི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

2021.09.01
རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་རྒྱུའི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཤིག་སྐོང་ཚོགས་སྐབས།
Chinese State Media

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་བོད་ནང་མུ་མཐུད་དུ་བོད་མིའི་བསམ་བློར་སྟངས་འཛིན་བྱེད་པའི་སློབ་གསོར་ཤུགས་སྣོན་དང་ལྟ་བ་གསལ་སྟོན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་གཙང་སེལ་བྱེད་དགོས་པ་བརྗོད་འདུག
དེ་ཡང་ཕྱི་ཟླ་༩་ཚེས་༡་དང་རེས་གཟའ་ལྷག་པའི་ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་སྐབས། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་ཇེས་གཏམ་བཤད་བྱས་པའི་ནང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱ་རྒྱུ་འདི་མི་རིགས་ལས་དོན་གལ་ཆེན་དོན་ཆེ་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་ངང་གཏིང་ཟབ་སྤེལ་དགོས་ལུགས་བརྗོད་འདུག
བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ལོ་རབས་ལྔ་བཅུའི་མཇུག་ནས་ད་ལྟ་བར་བོད་ཀྱི་མི་རབས་ལ་འགྱུར་བ་ཕྱིན་ཡོད་ན་ཡང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་༧སྐྱབས་མགོན་སྤྱི་ནོར་༧གོང་ས་མཆོག་ལ་མཚན་དམོད་དང་སྐུར་འདེབས་ཞུ་རྒྱུ་མཚམས་འཇོག་བྱས་མེད། འོན་ཀྱང་བོད་ནང་གི་བོད་མི་ཚོའི་བསམ་བློ་ནི་བཙན་བྱོལ་དུ་བཞུགས་པའི་སྤྱི་ནོར་༧གོང་ས་མཆོག་ལ་ཕྱོགས་ཡོད་དུས། རྒྱ་ནག་གཞུང་གིས་བོད་མིའི་བསམ་བློ་བསྒྱུར་བའི་བྱ་ཐབས་སྣ་ཚོགས་ཇི་ཙམ་སྤེལ་ཡང་། དོན་དངོས་སུ་རྒྱ་ནག་གཞུང་གི་དཔོན་རིགས་ཝུ་དབྱིང་ཇེ་ལྟ་བུས་རྟག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་དང་མཚན་དམོད་ཞུ་བཞིན་པ་དེས་བོད་མིའི་བསམ་བློ་དང་ཀླད་པར་རྒྱ་ནག་གཞུང་གིས་དོ་དམ་མ་ཐུབ་པར། བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྩེ་གཅིག་ཏུ་བསམ་པ་ཕྱོགས་ནས་ཡོད་པ་དེ་རྒྱ་ནག་གི་དཔོན་རིགས་ཚོས་གསལ་རྟོགས་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ཡིན་པ་གསུང་གི་འདུག
དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ཐབས་ཇུས་སྐབས་རྒྱུན་དུ་བརྗོད་བཞིན་པའི་རྒྱ་ཡིག་སློབ་གསོར་ཤུགས་སྣོན་དགོས་པ་དང་། མི་རིགས་ས་ཁོངས་སུ་མངོན་མེད་རྐྱེན་ངན་གྱི་འཚབ་ཆེའི་ཉེན་ཁར་མཐའ་གཅིག་ཏུ་དོགས་ཟོན་བྱེད་དགོས་ཟེར་བ། དམར་ཤོག་ཚོགས་པས་ཆོས་ལུགས་ལས་དོན་ཐོག་གི་འཛིན་པའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དགོས་པ། རྒྱ་ནག་དམར་ཤོག་གི་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་ཞིག་དགོས་པ་བརྗོད་འདུག ཐབས་ཇུས་འདི་རྣམས་ཚང་མ་རིག་གཞུང་གིས་ཕྱུག་པའི་བོད་མི་རིགས་འདི་རྩ་མེད་གཏོང་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་པ་ཞིག་ཡིན་པ་བོད་ནང་ནས་ངོས་འཛིན་གནང་གི་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎