བོད་ནང་མི་རིགས་ལས་དོན་ཟེར་བའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག

2022.02.10
བོད་ནང་མི་རིགས་ལས་དོན་ཟེར་བའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག ལྷ་སར་མི་རིགས་ལས་དོན་ཟེར་བའི་ཚོགས་འདུའི་སྐབས། ༢།༩།༢༠༢༢
Chinese State Media

རྒྱ་ནག་གཞུང་གིས་བོད་ནང་ཕྱོགས་ཡོངས་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་དང་། ཁོང་ལ་ཡིད་ཆེས་བྱེད་མཁན། ཁོང་གི་རྗེས་འབྲངས་པ་མེད་པར་བཟོ་ཐབས་སུ། བོད་ནང་ཚོགས་འདུ་དང་ཟབ་སྦྱོང་རིམ་པར་འཚོགས་བཞིན་པ་ནི། བློ་ཕམ་བྱ་ཡུལ་ཞིག་ཡིན་པ་བོད་ནང་གནས་སྡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། འདི་ལྟ་བུའི་ཚོགས་འདུ་ཡིས་རྒྱ་ནག་གཞུང་གིས་མི་རིགས་སྲིད་བྱུས་གཉིས་པ་ཟེར་བ་དེ་ལག་བསྟར་བྱེད་བཞིན་ཡོད་པ་གསལ་བོར་མཚོན་ཐུབ་ལ། མི་རིགས་སྲིད་བྱུས་གཉིས་པ་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཏང་སྟེ་བོད་རིགས་དེ་རྒྱ་རིགས་ལ་སྒྱུར་རྒྱུ་དེ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ནས་མི་རིགས་ལས་དོན་ཀྱི་ཚོགས་འདུ་ཞེས་མིང་བཏགས་པ་ཙམ་ལས། འདི་ལྟ་བུའི་ཚོགས་འདུའི་ཐོག་དྲག་ཆས་ཉེན་རྟོག་པ་དང་དམག་མི་སོགས་བསྐོང་ཚོགས་བྱས་པ་ནི། བོད་མི་ཚོར་སྡིགས་ར་སྐུལ་བ་དང་དྲག་གནོན་ཇེ་ཆེར་གཏོང་གི་ཡོད་པ་གསལ་པོ་རེད། ད་དུང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་བྱས་དང་བྱེད་མུས་ཡིན་པའི་སྐབས་འདིར། བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་དེར་ལྡོག་ཕྱོགས་ཀྱི་ལས་འགུལ་སྤེལ་དགོས། དཔེར་ན། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ན་གཞོན་ཚོས་དམིགས་བསལ་གྱི་ཐུགས་འགན་བཞེས་ཏེ་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ལ་སློབ་གཉེར་བྱས་ཏེ་རྒྱ་ཁྱབ་ཏུ་སྤེལ་གལ་ཆེ་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་བྱུང་།
དེ་སྔ་བོད་དུ་ཐེངས་མང་ཕེབས་མྱོང་མཁན་སྐད་བརྡ་རིག་པའི་ཐོག་མཁས་དབང་སྐུ་ཞབས་(Nicolas Tournadre)་ལགས་ནི། ད་ལྟ་ཧྥ་རན་སིའི་(France)་ནང་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཁོང་བོད་ཀྱི་མཁས་དབང་གདུང་དཀར་བློ་བཟང་འཕྲིན་ལས་ལགས་དང་དངོས་སུ་མཇལ་འཕྲད་གནང་མྱོང་འདུག་ལ། ཁོང་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་བཅུ་དང་བརྒྱད་བཅུའི་སྐབས་ཀྱི་བོད་ནང་གི་སྐད་ཡིག་རང་དབང་གི་གནས་སྟངས་དང་། ད་ལྟའི་ཞིན་ཅིང་ཕིན་གྱི་སྲིད་གཞུང་སྐབས་ཀྱི་གནས་སྟངས་གཉིས་བསྡུར་བ་ཡིན་ན། ཧ་ཅང་གི་ཁྱད་པར་ཆེ་ཞིང་། ད་ལྟའི་སྐད་ཡིག་གི་རང་དབང་ནི་ཇེ་ཞེན་ཇེ་སྡུག་ཏུ་སོང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཟླ་བ་འདིའི་ཚེས་༩་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་འོག་མི་རིགས་ལས་དོན་གྱི་ཚོགས་འདུ་ཞེས་པ་ཞིག་སྐོང་ཚོགས་བྱས་ཤིང་། འདི་ལྟ་བུའི་ཚོགས་འདུའི་རིགས་ནི་གཙོ་བོ་བོད་མི་རིགས་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་དང་། བོད་རྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུ། དེ་བཞིན་རྒྱ་སྐད་སྤྱི་སྐད་ཅན་དུ་བསྒྱུར་ཐབས། བོད་རྒྱ་མི་རིགས་མཉམ་འདྲེས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཕྱོགས་ཐད་སྐུལ་དེད་གཏོང་རྒྱུའི་དམིགས་ཡུལ་ལྡན་པའི་འཆར་གཞི་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས། རྒྱ་ནག་མེས་རྒྱལ་གཅིག་གྱུར་ལ་འགན་ལེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ཡོང་ཆེད་མི་རིགས་ཕན་ཚུན་གྱི་འབྲེལ་བར་ཤུགས་སྣོན་རྒྱག་དགོས་པ་དང་། ཁྱོན་ཡོངས་ནས་མི་རིགས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་ཐབས་བྱེད་དགོས་པ། བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱབ་ནས་བོད་རྒྱུད་ནང་བསྟན་རྒྱ་ནག་ཅན་ལ་སྒྱུར་རྒྱུ། རྒྱལ་ཁབ་སྤྱི་ཡོངས་ལ་བེད་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་(རྒྱ་ཡིག་རྒྱ་སྐད་)རྒྱ་ཁྱབ་ཏུ་སྤེལ་རྒྱུ། མི་རིགས་ལས་དོན་གྱི་དོ་དམ་མ་ལག་དང་དོ་དམ་ནུས་པ་འདི་དེང་རབས་ཅན་གྱི་གནས་ཚད་ལ་སླེབས་རྒྱུར་ཤུགས་གནོན་རྒྱབ་སྟེ་བོད་ལ་དོ་དམ་སྟངས་འཛིན་དང་ཁ་བྲལ་གྱི་ལས་འགུལ་ཁག་ལ་རྒོལ་རྡུང་གཏོང་རྒྱུ་ནན་བརྗོད་བྱས་འདུག
ད་རེས་ཀྱི་ཚོགས་འདུའི་འདིའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་དང་སྲིད་གཞུང། ཆབ་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད། བོད་ལྗོངས་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་གི་བོད་ཀྱི་སྤྱི་ཁྱབ་རུ་ཁག གནམ་དམག་གི་ལྷ་སར་བཅའ་སྡོད་ཀྱི་འགན་འཛིན་སོགས་མཉམ་ཞུགས་བྱས་འདུག
བོད་ནང་ཚོགས་འདུ་འདི་རིགས་ཐེངས་མང་ཚོགས་པ་བརྒྱུད་ཤེས་རྟོགས་ཐུབ་པ་ནི། བོད་པའི་བསལ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་བཏང་སྟེ། བོད་མི་རིགས་ཀྱི་བསམ་བློའི་བརྟེན་གཞི་ནང་པའི་བསྟན་པ་འདི་རྩ་མེད་བཟོ་རྒྱུ་དང་། རྒྱ་ཡིག་དང་རྒྱ་སྐད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་སྐད་བཀོལ་སྤྱོད་ཟེར་བ་གླེང་ནས་བོད་སྐད་བོད་ཡིག་རྩ་མེད་བཟོ་རྒྱུ། དེ་བཞིན་མི་རིགས་མཐུན་སྒྲིལ་དགོས་གལ་ཆེ་སྐོར་གླེང་ནས་བོད་མི་ཚོ་རྒྱ་མི་རིགས་དང་མཉམ་འདྲེས་བཟོས་ཏེ་མཐར་མིང་ཙམ་གྱི་བོད་པ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་རྒྱུ་མེད་པ་བཟོ་ཐབས་ཀྱི་འཆར་གཞི་ལྡན་པའི་སྲིད་བྱུས་ཤིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས། བློ་བཟང་དགེ་ལེགས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎