ཨ་རིའི་རྒྱལ་སའི་ཁུལ་དུ་ལོ་གསར་སྲུང་བརྩི་ཞུས་པ།
2017.03.05

༄༅༎ཕྱི་ཟླ་༣ཚེས་༤རེས་གཟའ་སྤེན་པའི་ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོས་མེ་བྱ་ལོའི་གནམ་ལོ་གསར་བཞད་ཀྱི་ལོ་གསར་སྲུང་བརྩི་ཟབ་རྒྱས་ཞུས་སོང་། དེ་ཡང་ཁ་ས་གཟའ་མཇུག་དང་སྟབས་བསྟུན་ནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བའི་ཐོག་བོད་མི་དང་། སྐུ་མགྲོན་བཅས་མི་གྲངས་༢༥༠ ལྷག་མཉམ་འཛོམས་ཀྱིས་ལོ་གསར་སྲུང་བརྩི་ཞུས་སོང་ལ་མཛད་སྒོའི་ཐོག་མར་རྒྱལ་བའི་ཞབས་བརྟན་འདོན་ཞིང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་རྗེས་སྐུ་མགྲོན་གཙོ་བོ་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཚང་མར་བཀྲིས་བདེ་ལེགས་ཞུས་པ་དང་སྦྲགས་གསུངས་བཤད་གནང་སོང་།
སྤྱིར་བཏང་ལོ་ལྟར་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ནས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་ཡི་ཡོད་ཀྱང་འདི་ལོ་སྔར་དང་མི་འདྲ་བ་རྒྱལ་སའི་མངའ་ཁུལ་ཝར་ཇི་ནི་ཡ་དང་། མེ་རི་ལནཌ་ཁུལ་ཡོད་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་དང་། ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་དང་ལས་བྱེད་།དེ་བཞིན་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་སོགས་སྐུ་མགྲོན་མང་པོ་ཞིག་ཕེབས་བཞག
མཛད་སྒོའི་སྐབས་རྒྱལ་སའི་མངའ་ཁུལ་གྱི་གཟའ་མཇུག་སློབ་གྲའི་དྭང་ལངས་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བའི་མཇལ་དར་འབུལ་སོང་། དེ་རྗེས་སློབ་གྲའི་སློབ་ཕྲུག་ཆུང་བ་རྣམས་ནས་གཞས་སྣ་འཁྲབ་སྟོན་དང་། རིམ་པས་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་རྣམས་ནས་གཞས་སྣ་འཁྲབ་སྟོན་གནང་སྟེ་ གསོལ་ཚིག་རྗེས་མཐའ་མ་སྒོར་གཞས་འཁྲབ་ཏེ་མེ་བྱ་ལོའི་ལོ་གསར་གྲ་རྒྱས་ངང་སྲུང་བརྩི་ཞུས་སོང་།།གསར་འགོད་པ་ཚེ་དབང་དངོས་གྲུབ།