རྒྱ་ནག་གི་དངོས་ཟོག་བདེ་སྤྱོད་དང་ཉོ་ཚོང་མཚམས་འཇོག
2017.10.30

༄༅། །ཕྱི་ཟླ་༡༠ཚེས་༢༩ ཉིན་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་བདེ་སྤྱོད་དང་ཉོ་ཚོང་མཚམས་འཇོག་བྱ་དགོས་ཞེས་པའི་ལས་འགུལ་སྤེལ་བའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡༠ཚེས་༣༠ ཉིན་The Telegraph ཞེས་པའི་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གྱི་Swadeshi Jagran Manchཞེས་འབོད་པའི་སྒྲིག་འཛུགས་དེ་ཡིས་གོ་སྒྲིག་གནང་སྟེ་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་བཀག་འགོག་དང་རྒྱ་གར་གྱི་དངོས་ཟོག་གི་ཐོན་སྐྱེད་མང་དུ་གཏོང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུ་གནང་ཡོད་པས་མ་ཟད། ཚོགས་པ་དེ་ཡིས་ལས་འགུལ་དེའི་སྐབས་ལ་བོད་རང་དབང་གི་འབོད་སྒྲ་སྒྲོག་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད་།
ལས་འགུལ་དེ་གོ་སྒྲིག་གནང་མཁན་གྲས་ཡིན་པ་Ashwini Mahajan ཞུ་བས་The Telegraph གསར་འགྱུར་ལས་ཁང་ལ་། ང་ཚོས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ལས་འགུལ་དེའི་ཐོག་གདན་ཞུས་བྱས་ཡོད་པ་དང་། ང་ཚོས་ད་རེས་རྒྱ་ནག་གི་དངོས་ཟོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་དང་བསྟུན་ནས་བོད་དེ་རྒྱ་ནག་ནས་རང་དབང་དགོས་པའི་དགོས་འདུན་ཡང་བཏོན་རྒྱུ་ཡིན་པས་མ་ཟད། ང་ཚོས་རྒྱ་གར་གཞུང་ལའང་ཞིབ་ཕྲའི་དགོས་འདུན་ཁག་ཡིག་ཐོག་ཏུ་ཕུལ་ཏེ་རྒྱ་གར་གཞུང་གིས་བོད་རང་དབང་གི་གནད་དོན་གླེང་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ད་དུང་ལས་འགུལ་གོ་སྒྲིག་གནང་མཁན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་Annada Shanker Panighi ཡིས། རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་ཐོག་ལ་རྒྱ་བསྐྱེད་རིང་ལུགས་ཀྱི་བྱ་སྤྱོད་དང་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་རིགས་ནི་བོད་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྗེས་ལ་བྱུང་བར་བརྟེན་ནས་རྒྱ་གར་ཕྱོགས་ནས་ངེས་པར་དུ་བོད་ལ་རང་དབང་ཡོང་བའི་་ལས་དོན་སྤེལ་དགོས་པ་དང། ནམ་ཞིག་བོད་རང་དབང་བྱུང་ན་རྒྱ་གར་གྱི་ས་མཚམས་བདེ་འཇགས་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་དེ་ཁོ་ན་ཡིན་པའི་སྐོར་གསུངས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།