མདོ་སྨད་ཕྱོགས་སུ་བོད་ཀྱི་ལོ་གསར་དང་མཉམ་སྐུའི་གྱ་སྟོན་བསུས་འདུག
2015.02.19
མདོ་སྨད་ཕྱོགས་སུ་བོད་མི་ཚོས་ཤིང་མོ་བོད་ཀྱི་ལོ་གསར་དང་མཉམ་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་བཞིན་ཡོད་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། ཟླ་བ་འདི་སྤྱི་ཚེས༡༩ཤིང་མོ་བོད་ཀྱི་ལོ་སར་ཉིན་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མི་ཉུང་བའི་ནང་བོད་མི་ཚོས་ཤིང་མོ་བོད་ཀྱི་ལོ་གསར་དང་མཉམ། ༧གོང་ས་མཆོག་གི་སྐུའི་གྱ་སྟོན་བསུ་བའི་བྱེད་སྒོ་འདྲ་མིན་སྤེལ་ཡོད་པ་དང་། རྔ་བ་ཕྱོགས་ཀྱི་ཇོ་ནང་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དང་། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོ་སུམ་མདོ་ཀིརྟིའི་དགོན་རིག་འཛིན་བདེ་ཆེན་གླིང་། གཉན་རྩེ་དགོན་སོགས་མདོ་སྨད་ཕྱོགས་ཀྱི་དགོན་ཁག་མི་ཉུང་བའི་ནང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་བཞུགས་ཁྲི་ལ་འཁོད་པ་དང་མཉམ་སྐུའི་གྱ་སྟོན་བསུ་ཞེས་བའི་ཡིག་ཆེན་སྦྱར་ནས་སེར་སྐྱ་བོད་མི་ཐུན་མོང་གིས་བཞུགས་ཁྲི་མཇལ་ནས་ཁ་བཏགས་འབུལ་བ་དང་། རླུང་རྟ་བསྐྱོད་པ། ༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འདོན་པ་སོགས་ཤོག་སྦག་དང་། ཀུ་སྒྲའི་ཁྲོད་དགའ་དད་དང་བཅས་སྐུའི་གྱ་སྟོན་བསུས་ཡོད་པ་རེད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། མདོ་སྨད་ཕྱོགས་སུ་དེང་སྐབས་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་མཁན་ཇེ་མང་ཡིན་པ་དང་། ད་ལོར་གྱ་སྟོན་ཆེད་བོད་ཀྱི་ལོ་སར་སྐབས་སྤྲོ་སྟོན་ཀྱི་རྣམ་པ་མངོན་གསལ་མཐོང་རྒྱུ་འདུག་ཟེར། གཞན་མདོ་ལྷོ་དང་། རྨ་ལྷོ་རེབ་གོང་སོགས་སུ་ཡང་བོད་མི་ཚོས་རང་གི་ཁྱིམ་གྱི་མཆོད་བཤོམ་ལ་༧གོང་ས་མཆོག་གི་སྐུ་པར་བཤམ་ནས་གྱ་སྟོན་གྱི་རྟགས་དང་རྟེན་འབྲེལ་བསྒྲིགས་ཐབས་བྱེད་བཞིན་པ་དྲ་ལམ་འཕྲིན་ན་མང་པོ་མཐོང་རྒྱུ་ཡོད་པ་རེད།
གཞན་ད་དུང་མགོ་ལོག་གཅིག་སྒྲིལ་རྫོང་གི་ཇོ་ནང་སྐྱ་མདའ་དགོན་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཇོ་ནང་སྐྱ་མདའ་དགོན་པའི་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད་གཉིས་དགུང་གྲངས་བརྒྱད་ཅུར་ཕེབས་པར་སྨོན་ལམ་ཞབས་བརྟན་དུས་མཉམ་དུ་སྒྲུབ་ཡོད་འདུག
སྤྱིར་མདོ་སྨད་ཡུལ་དུ་རང་གི་རྩ་བའི་བླ་མ་དང་ཕ་མ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་ཆེད་གྱ་སྟོན་ཞེས་སྲུང་སྲོལ་ཡོད་པ་ལྟར། ༧གོང་ས་མཆོག་སྤྱི་ལོ་༡༩༣༥ ལོར་མདོ་སྨད་སྟག་འཚེར་ལ་སྐུ་གཏམས་པ་ནས་སྤྱི་ལོ་༢༠༡༥ དང་བོད་རྒྱལ་ལོ་༢༡༤༢ལོར་དགུང་ལོ་༨༠་བཞེས་པའི་༧སྐུའི་འཁྲུངས་སྐར་གྱི་ཉིན་མོ་བོད་ཕྱི་ནས་མདོ་སྨད་མི་མང་གིས་སྣེ་ཁྲིད་ནས་བོད་མི་ཚོས་ཉིན་གསུམ་རིང་༧སྐུའི་གྱ་སྟོན་གྱི་མཛད་སྒོ་ཚོགས་འཆར་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ་དང་ལྕགས་མོ་འཚོ།