ཀན་ལྷོའམ་མདོ་ལྷོ་འབྲུག་ཆུ་ཕྱོགས་སུ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཐེབས་འདུག


2020.08.28
འབྲུག་ཆུ་རྫོང་གི་ཆུ་ལོག་གི་གནོད་ཐེབས་ས་ཁུལ། འབྲུག་ཆུ་རྫོང་གི་ཆུ་ལོག་གི་གནོད་ཐེབས་ས་ཁུལ།
རྒྱ་ནག་གཞུང་འབྲེལ་གསར་ལམ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུ་རྫོང་ཁོངས་སུ་སྔ་རྗེས་ཆུ་ལོག་དང་ས་རུད་བྱུང་བའི་ཁྲོད་སྡོད་ཁང་མང་པོ་གཏོར་བཤིག་གི་གནོད་འཚེ་ཚབས་ཆེན་བྱུང་འདུག
འདི་གའི་རླུང་འཕྲིན་ཁང་ལ་བོད་ནས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། འདི་སྤྱི་ཟླ་༨་པའི་ཚེས་༦་ནས་བཟུང་། འབྲུག་ཆུ་རྫོང་ཁོངས་སུ་སྔ་རྗེས་ཆར་པ་ཐེངས་མང་བབས་པའི་རྐྱེན་གྱིས་རི་བརྒྱུད་ཀྱི་ས་གནས་གང་སར་ཆུ་ལོག་རྒྱུག་པ་དང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་སྟེ་སྤྱི་ཚེས་༢༤་ཉིན་བར། མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱི་སྡོད་ཁང་གཏོར་བཤིག་ཐེབས་འདུག་པའི་ཁར། རྫོང་གི་ལྷོ་ཕྱོགས་སུ་ཡོད་པའི་ཤང་དང་གྲོང་ཚོ་བར་ཀྱི་གཞུང་ལམ་དང་། གྲོང་གསེབ་ས་ཁུལ་ཁག་བཅས་ནས་རྒྱ་གྲོང་ཆེ་བར་འགྲོ་སའི་ཆུ་བོའི་བརྒྱུད་དུ་ཡོད་པའི་གཞུང་ལམ་ཐོག་ཆུ་རུད་དང་ས་རུད་ཀྱི་གནོད་འཚེ་ཐེབས་ནས་ལམ་ཆད་པ་དང་། ལམ་མཚམས་ཁ་ཤས་སུ་ས་རྡོ་ཡིས་ཁེངས་ནས་འགྲོ་བསྐྱོད་མ་ཐུབ་པ་ཆགས་ཡོད་པ་བརྗོད་སོང་།    
གནས་ཚུལ་དེའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་འབྲུག་ཆུ་རྫོང་ཁོངས་སུ་ཆུ་ལོག་གི་གནོད་འཚེ་དེས་རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་༡༩་ཡི་གྲོང་ཚོ་༡༧༦་གི་དུད་ཚང་ཆིག་ཁྲི་ལྔ་སྟོང་ལྷག་གི་མི་དྲུག་ཁྲི་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་། མི་དམངས་ཀྱི་སྡོད་ཁང་༣༠༧་ཙམ་ལ་སྐྱོན་ཆགས་དང་། སྡོད་ཁང་ཁག་ཅིག་ཡོངས་སུ་བརྡིབས་པ། དེ་མིན་ཁག་ཅིག་ལ་གས་སྲུབ་ཤོར་བ་སོགས་རྡིབ་ཉེན་ཆེ་བའི་གནས་སྟངས་སུ་གྱུར་ཡོད་འདུག
གཞན་ཡང་མཉམ་ལས་ཁང་༡༩་དང་། རླངས་འཁོར་ས་ཚིགས་གཅིག། གློག་ཁང་༧༡་བཅས་ལ་གཏོར་སྐྱོན་ཕོག་ཡོད་པ་མ་ཟད། གྲོང་ཚོ་བརྒྱ་ཙམ་ལ་ལམ་དང་གློག། ཆུ་སོགས་ཆད་པའི་ཁར། དེ་ཚོའི་ནང་བརྡ་རྟགས་ཆད་པ་སོགས་ཀྱི་གནོད་སྐྱོན་ཕོག་ཡོད་པ་བརྗོད་འདུག་ཀྱང་། མི་ལ་ཤི་རྨས་ཐེབས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་བརྗོད་མི་འདུག
སྤྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་གིས་འབྲུག་ཆུ་རྫོང་གི་མི་འབོར་གཅིག་འབུམ་གསུམ་ཁྲི་ཡོད་པའི་ནང་། བོད་རིགས་བཞི་ཁྲི་དྲུག་སྟོང་ལྷག་ཡོད་པ་དང་། དེ་ནི་རྫོང་གི་མི་འབོར་བརྒྱ་ཆ་༣༤་ཙམ་ཡིན་ལུགས་བཀོད་འདུག་ཅིང་། ད་རེས་ཆུ་ལོག་གི་གནོད་འཚེ་དེ་ནི། མང་ཆེ་ཤོས་གྲོང་གསེབ་གནས་སྡོད་བོད་རིགས་མི་དམངས་ལ་གནོད་སྐྱོན་ཆེ་བ་ཕོག་ཡོད་པ་རྒྱ་གཞུང་གིས་གནས་ཚུལ་བཏོན་པ་ནས་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་སྔོན་སྤྱི་ལོ་༢༠༡༠་ལོའི་ནང་འབྲུག་ཆུ་རྫོང་དུ་ཆུ་རུད་ཀྱི་འཇིག་པ་བྱུང་སྟེ་མི་གྲངས་བརྒྱ་ལྷག་རྐྱེན་འདས་སུ་གྱུར་བ་དང་། སྟོང་ཕྲག་ཙམ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎