འཛམ་གླིང་མི་ཚང་མས་མ་འོངས་ཆེད་བསམ་བློ་གཏོང་བའི་དུས་ལ་སླེབས་ཡོད། ༸གོང་ས་མཆོག
2020.09.12

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༢་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གོ་སྒྲིག་གནང་བའི་འཛམ་གླིང་མང་གཙོའི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་གཏམ་བཤད་བགྲོ་གླེང་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་དཔལ་འབྱོར་གནས་བབས་དང་། འགྲོ་བ་སྤྱི་ཡོངས་ལ་ཁོར་ཡུག་དྲང་བདེན་ཞེས་པའི་ཚོགས་འདུའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་མི་མང་ཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་སྤྱི་ཚོགས་ཡིན་པའི་འདུ་ཤེས་འཛིན་དགོས་པ་ལས། ངའི་ཡུལ་དང་ངའི་ཆོས་ཚོགས་སོགས་ཕུགས་རྒྱང་ཐུང་བའི་བསམ་ཚུལ་འཛིན་རྒྱུ་མེད་པ་དང་། འདས་པའི་དུས་སུ་བསམ་ཚུལ་དེ་ལྟར་འཛིན་པའི་རྐྱེན་གྱིས་རྩོད་རྙོག་མང་པོ་བྱུང་ཡོད་སྐོར་བཀའ་གནང་བ་དང་། དེ་བཞིན་དུ་གནམ་གཤིས་འགྱུར་ལྡོག་ཐད་བཀའ་སློབ་སྩལ་སྐབས་བོད་ནི་ཨེ་ཤེ་ཡའི་ནང་གི་རྒྱུག་ཆུ་ཆེ་ཁག་གི་འབྱུང་ཁུངས་ཡིན་ཡང་། ད་ཆ་འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པའི་རྐྱེན་གྱིས་རྒྱུག་ཆུ་ཁག་སྐམ་ནས་མི་མང་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་G7 ཞེས་པའི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དཔལ་འབྱོར་དང་ཁོར་ཡུག་ཀྱི་ལྷན་ཚོགས་ཐོག་བརྙན་པར་བརྒྱུད་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཟབ་མོ་སྩལ་གནང་མཛད་འདུག།