བོད་མིའི་རང་དབང་སྒེར་ལངས་ཉིན་འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་འདུག
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་ཚེས་ལ་ཉེ་བའི་དུས་སུ་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་ས་གནས་འདྲ་མིན་ནས་ལས་འགུལ་སྣ་ཚོགས་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་པ་དང་། དེ་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་བདེ་འཇགས་བརྟན་ལྷིང་ཟེར་བའི་ལས་འགུལ་སོགས་སྤེལ་ནས་བོད་མིའི་ཐོག་དམ་དྲག་ཤུགས་ཆེར་གཏོང་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་དང་བོད་མི་རྣམས་ཀྱིས་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་རང་དབང་སྒེར་ལངས་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དང་། དེའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་བརྒྱད་ཁྲི་ལྷག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་དེ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་གི་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོ་ནི་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་ཡིན་ཞིང་། བོད་མི་བཙན་བྱོལ་བའི་མི་ཐོག་དང་པོ་དེ་རྫོགས་ལ་ཉེ་ནའང་། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་གཞོན་རབས་པའི་དཔུང་སྡེ་གསར་བ་ཞིག་གིས་མུ་མཐུད་དུ། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲོག་རྩ་རྒྱུན་བསྲིང་གིས་བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་མི་གནས་སྡོད་ཀྱི་འཛམ་གླིང་ཡུལ་གྲུ་འདྲ་མིན་ཏེ་ཨ་རི་ནས་ཡོ་རོབ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དྲན་སྲུང་བརྩིའི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་པ་ལྟར། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནེ་རྡིར་ལན་ཌའི་གྲོང་ཁྱེར་ཧེ་གྷའི་ནང་ཡོ་རོབ་བོད་མི་དང་མཉམ་འབྲེལ་ལས་འགུལ་ཆེན་མོ་ཞེས་པའི་ལས་འགུལ་གཞི་རྒྱ་ཆེ་བའི་ངང་སྤེལ་ནས་གསུམ་བཅུ་དུས་དྲན་ཐེངས་ ༦༦ དེ་སྲུང་བརྩི་གནང་རྒྱུ་དང་། དེའི་ཐོག་འཛམ་གླིང་ནང་སྐད་གྲགས་ཅན་གྱི་ཨ་རིའི་ལག་རྩེད་སྤོ་ལོ་རྩེད་མོ་བ་དང་རང་དབང་དོན་གཉེར་བ་ཨེ་ནེསི་ཁན་ཊར་ (Enes Kanter Freedom) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡར (Richard Gere) སོགས་ཆེད་ཕེབས་ཀྱིས་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་པ་དང་། དེའི་ཐད་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ད་རེས་ཀྱི་ལས་འགུལ་ཆེན་མོར་མཉམ་ཞུགས་གནང་རོགས། མ་འོངས་པར་བོད་ནི་བོད་མིར་བདག་དབང་ཡོད་པ་དང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་སྨོན་ཞེས་གསུང་འདུག
དེ་མིན་ཡང་ད་ལོའི་གསུམ་བཅུ་དུས་དྲན་ཉིན་ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེའི་རྦིར་ཁི་ལིས་གྲོང་སྡེའི་ལྷན་ཁང་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་རྒྱུ་དང་། སན་ཧྥི་རན་སིས་སི་ཁོ་གྲོང་ཁྱེར་ནང་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་རྒྱ་ཆེན་སྤེལ་རྒྱུ་རེད་འདུག
དེ་བཞིན་ད་ལོའི་གསུམ་བཅུ་དུས་དྲན་ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུའང་བོད་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ནས་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུ་ཡིན་པ་ནིའུ་ཡོག་དང་ནིའུ་འཇིར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས་གསལ་བསྒྲགས་གནང་འདུག
ཐེ་ཝན་དུ་གསུམ་བཅུའི་དུས་དྲན་གཟའ་ཟླ་བར་འཁེལ་ཡོད་པར་བརྟེན་གཟའ་ཉི་མ་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཐེ་པེ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་གི་དངུལ་ཁང་སྒོ་འགྲམ་བརྒྱུད་གོམ་བགྲོད་དང་བཅས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་། བོད་ཀྱི་གནས་སྟངས་འཁྲབ་སྟོན་གྱི་ལམ་ནས་མི་མང་ལ་ངོ་སྤྲོད་བྱེད་རྒྱུ། ཚེས་༡༠ཉིན་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་དང་སྐབས་དེར་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ཕེབས་ནས་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་པ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་དུས་སུ་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་བོད་མི་ཚོས་ངོ་རྒོལ་རིགས་མི་ཡོང་བའི་ཆེད་དུ་ནམ་རྒྱུན་ལས་ཀྱང་དམ་དྲག་ཆེ་རུ་གཏོང་བཞིན་པ་ལྟར། ཕྱི་ཟླ་ ༣ པའི་ཚེས་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་ཟླ་གསུམ་པའི་བརྟན་བརླིང་ལ་གྲྭ་སྒྲིག་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཞིབ་བཤེར་དང་ཛ་དྲག་གི་ཉེན་བརྡ་རྒྱུན་སྒྲོག་དགོས་ཚུལ་ལས་དོན་སྤེལ་ནས་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་མཆོད་མཇལ་ལྟེ་གནས་ཁག་ཏུ་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ཤུགས་ཆེར་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ལྷ་སའི་བོད་པ་འདུས་སྡོད་ཁུལ་མང་ཆེ་བར་མཚན་གུང་ཆུ་ཚོད་ ༣ པ་ལའང་ཉེན་རྟོག་པས་སྐོར་གཡེང་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ས་གནས་གང་དུ་ཕྱིན་ཀྱང་ཞིབ་བཤེར་ས་ཚུགས་བརྒྱུད་དགོས་ལ། སྤྱི་སྤྱོད་རླངས་འཁོར་གཙོས་འགྲུལ་བཞུད་བྱེད་མཁན་ཚོར་ཞིབ་བཤེར་དང་། བོད་ཀྱི་མདོ་སྟོད་སྨད་ནས་ལྷ་སར་ཡོང་མཁན་ཚོར་ཡིག་ཆའི་སྐོར་ཅུང་ཙམ་རེ་མ་འགྲིག་ན་ཕྱིར་འཕུད་གཏོང་བ་སོགས་བྱེད་བཞིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་དེང་སྐབས་པེ་ཅིན་དུ་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བ་འཚོག་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མི་ཚོ་ཟུར་ཚོགས་ཞིག་གི་སྐབས་སུ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་དང་སྲིད་གཞུང་གི་མགོ་གཙོ་ཀརྨ་ཚེ་བརྟན་གཉིས་ནས། བོད་ནང་མུ་མཐུད་བརྟན་བརླིང་སྲུང་སྐྱོབ་དང་ཁ་བྲལ་བར་ངོ་རྒོལ་དང་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བརྗོད་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། གོང་ཞུས་ཟུར་ཚོགས་དེ་ནམ་རྒྱུན་ལྟ་བུ་ལས་དམིགས་བསལ་གསར་བ་གང་ཡང་མེད་ན་ཡང་། བོད་མིར་དྲག་གནོན་དང་དམ་དྲག་དེ་ཤུགས་ཆེ་རུ་གཏོང་བ་མ་གཏོགས། བཟང་ཕྱོགས་དང་ལྷོད་ཡངས་ཀྱི་རྣམ་པ་མཐོང་གི་མེད་པ་དང་བོད་ནང་མུ་མཐུད་དུ་བརྟན་བརླིང་དང་ཁ་བྲལ་ལ་འཐབ་རྩོད་ཀྱི་མིང་འོག་ནས་དྲག་གནོན་སྟངས་འཛིན་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་རྒྱུ་མངོན་གསལ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།
གསར་འགོད་པ། ལྕགས་མོ་འཚོ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།