ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཡོ་རོབ་བོད་རིགས་མི་མང་མཉམ་འབྲེལ་ལས་འགུལ་ཆེན་མོ་ནེ་རྡར་ལན་ཌིར་སྤེལ་འཆར་འདུག

དེ་ཡང་ཕྱི་ལོ་༢༠༢༥ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦པ་དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མིའི་འདུས་སྡོད་ས་གནས་གང་སར་སྲུང་བརྩི་ཞུ་འཆར་ཡོད་པ་ལྟར། ཡོ་རོབ་ཁུལ་དུ་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་ཆེན་རིམ་པའི་གྲོས་ཆོད་བཞིན་ད་ལོ་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་སུད་སི་དང་། ནེ་རྡར་ལན་ཌི། ཨོ་སི་ཀྲེ་རེ་ཡ། ཧྥ་རན་སི་སོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་ཡོ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གི་གོ་སྒྲིག་འོག་གསུམ་བཅུའི་དུས་དྲན་རྒྱས་པ་བོད་རིགས་མི་མང་མཉམ་འབྲེལ་ལས་འགུལ་ཆེན་མོ་ཞེས་ནེ་རྡར་ལན་ཌིའི་གྲོང་ཁྱེར་(Hague)་ནང་འདུ་འཛོམས་ཀྱིས་སྤེལ་འཆར་ཡོད་པ་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ་གཙོས་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་མཉམ་སྦྲེལ་གསལ་བསྒྲགས་སྤེལ་འདུག
ཡོ་རོབ་ཁུལ་གྱི་གསུམ་བཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༦པའི་བོད་རིགས་མི་མང་མཉམ་འབྲེལ་ལས་འགུལ་ཆེན་མོ་དེའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བོད་པའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་(NBA)ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཟུར་པ་ཨི་ནེས་ཧྥི་རི་ཌམ(Enes Freedom)་བཅས་ཕེབས་རྒྱུ་རེད་འདུག
དེའི་ཐད་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལོ་ཡོ་རོབ་ཁུལ་གྱི་གསུམ་བཅུའི་དུས་དྲན་ཉིན་མཉམ་འབྲེལ་ལས་འགུལ་ཆེན་མོ་དང་འབྲེལ་གསུམ་བཅུའི་དུས་དྲན་དངོས་གཞིའི་གོང་ཚེས་བདུན་ནས་བརྒྱད་དང་། དེ་ནས་ཚེས་བཅུ་གཅིག་བཅས་ཉིན་གྲངས་བཞིའི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བགྲོ་གླེང་དང་། དེ་བཞིན་རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་འཇམ་དབྱངས་ནོར་བུ་ལགས་ཀྱི་གཙོས་ཕྱི་ནང་གི་མཁས་པ་ཁག་ཅིག་གདན་ཞུས་ཀྱིས་གཏམ་བཤད་གནང་རྒྱུ་བཅས་ཀྱི་མཛད་རིམ་ཁག་ཅིག་ཡོད་པ་ཡང་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།