རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་ཟླ་གསུམ་པའི་བརྟན་བརླིང་དམག་འཐབ་ཅེས་ཞིབ་བཤེར་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་མཚམས་སུ་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བོད་མི་ཚོས་ངོ་རྒོལ་རིགས་མི་ཡོང་བའི་ཆེད་དམ་དྲག་ཆེ་རུ་གཏོང་འགོ་ཚུགས་འདུག
ཕྱི་ཟླ་ ༣ ཚེས་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་ཟླ་གསུམ་པའི་བརྟན་བརླིང་ལ་གྲྭ་སྒྲིག་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཞིབ་བཤེར་དང་ཛ་དྲག་གི་ཉེན་བརྡ་རྒྱུན་སྒྲོག་དགོས་པའི་དམ་དྲག་བྱེད་མགོ་ཚུགས་ཡོད་པ་བཞིན། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་མཆོད་མཇལ་ལྟེ་གནས་ཁག་ཏུ་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ཤུགས་ཆེར་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ལྷ་སའི་བོད་པ་འདུས་སྡོད་ཁུལ་མང་ཆེ་བར་མཚན་གུང་ཆུ་ཚོད་ ༣ སོགས་ལ་ཉེན་རྟོག་པས་སྐོར་གཡེང་དང་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ས་གནས་གང་དུ་ཕྱིན་ཀྱང་ཞིབ་བཤེར་ས་ཚུགས་བརྒྱུད་དགོས་ལ། སྤྱི་སྤྱོད་རླངས་འཁོར་གཙོས་འགྲུལ་བཞུད་མཁན་ཚོར་ཞིབ་བཤེར་དང་། བོད་ཀྱི་མདོ་སྟོད་སྨད་ནས་ལྷ་སར་ཡོང་མཁན་ཚོར་ཡིག་ཆར་གནད་དོན་ཅུང་ཙམ་ཡོད་པ་ནས་ཕྱིར་ཕུད་གཏོང་བ་སོགས་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་རྒྱ་ནག་གི་ཚོགས་ཆེན་གཉིས་ཚོགས་བཞིན་ཡོད་པས། རྒྱ་ནག་རྒྱལ་ཡོངས་ནང་བདེ་འཇགས་ཞིབ་བཤེར་ཞེས་དམ་དྲག་གི་གནས་སྟངས་ཤུགས་ཆེ་རུ་ཕྱིན་ཡོད་ན་ཡང་། བོད་ནང་དམིགས་བསལ་ཕྱི་ཟླ་ ༣ པའི་ནང་ལོ་ལྟར་དམ་དྲག་བྱེད་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་གསུམ་བཅུའི་དུས་དྲན་ལས་ཀྱང་ཕྱི་ཟླ་ ༣ ཚེས་ ༡༤ དོན་རྐྱེན་ཞེས། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་དུས་ཚེས་ཛ་དྲག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་ལ། རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་(Liu Jiang)ཟེར་བས། བོད་རང་སྐྱོང་ལྗོངས་ཀྱི་རྫོང་དང་གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་དང་ལྷན་དྲྭ་ཐོག་ཚོགས་འདུ་ཚོགས་ཏེ། བོད་རང་སྐྱོང་ལྗོངས་ཡོངས་སུ་བརྟན་བརླིང་དང་སྤྱི་ཚོགས་བདེ་འཇགས་ལ་མཐའ་གཅིག་ཏུ་ཡིད་གཟབ་དང་དོ་ནན་དགོས་སྐོར་དང་། ཁོས་ལྷ་སའི་ཉེ་འཁོར་གྱི་སེ་ར་དགོན་དང་གཙུག་ལག་ཁང་སོགས་ཀྱི་བདེ་འཇགས་དང་བརྟན་བརླིང་ཞིབ་བཤེར་རྟོག་ཞིབ་བྱས་ཡོད་པ། རྒྱ་ནག་གཞུང་འབྲེལ་ལྷ་ས་ཉེན་རྟོག་པའི་འཕྲིན་སྟེགས་སུ་སྤེལ་འདུག
འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་ཟླ་ ༣ ནང་ཛ་དྲག་དོགས་ཟོན་དགོས་པའི་ལས་འགུལ་སྤེལ་བཞིན་པ་ཤེས་རྟོགས་བྱུང་བའི་ཁྲོད། བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་ཀ་རྩེ། གྲོ་མོ་རྫོང་། སྨར་ཁམས་རྫོང་། འཇོ་མདའ་རྫོང་། མངའ་རིས་སྒེར་རྩེ་རྫོང་སོགས་སུ་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཕྱི་ཟླ་གསུམ་པའི་བདེ་འཇགས་སྲུང་སྐྱོབ་དགོས་པའི་རྟོགས་ཞིབ་དང་འབྲེལ་ཚོགས་འདུ་ཚོགས་བཞིན་ཡོད་པ་ལས། སྨར་ཁམས་རྫོང་དམར་ཤོག་དྲུང་ཆེ་(Zhang Hailong)ཟེར་བས་ས་གནས་ཁག་ཏུ་རྟོགས་ཞིབ་དང་འབྲེལ། ཕྱི་ཟླ་གསུམ་པ་དེ་བཞིན་ཚོགས་ཆེན་གཉིས་གཙོས་ཆོས་ལུགས་ཁག་གི་དུས་ཆེན་མང་དག་ཅིག་ཡོད་པས། བདེ་འཇགས་དང་བརྟན་བརླིང་ཐད་རྙོག་འཛིང་ཆེ་བ་ཡོད་པས། དོགས་ཟོན་དོ་ནན་ངང་ཕྱི་ཟླ་ ༣ པའི་བརྟན་བརླིང་འཐབ་འཁྲུག་ཁྲོད་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་སོགས་བརྗོད་འདུག་ལ། ཡང་འཇོ་མདའ་རྫོང་གི་བདེ་འཇགས་ལས་ཁུངས་ཀྱི་མགོ་གཙོས་ས་གནས་ཁག་གི་འབྲེལ་ཡོད་དང་། རྒྱ་ནག་གི་ཚོགས་ཆེན་གཉིས་དང་ཕྱི་ཟླ་གསུམ་པའི་བརྟན་བརླིང་བདེ་འཇགས་ཆེད་ཚོགས་འདུ་ཚོགས་ཏེ། ཕྱི་ཟླ་གསུམ་པའི་ནང་སྤྱི་ཚོགས་ཁྱོན་ཡོངས་ནས་བདེ་འཇགས་དང་། ཞིབ་བཤེར་དང་ཉེན་ཁའི་གནས་སྟངས་ལ་དོ་སྣང་གིས་ཕྱི་ཟླ་ ༣ བརྟན་བརླིང་ལ་བློ་ཐག་ཆོད་པོའི་ངང་ཡིད་གཟབ་དགོས་པ་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་ ༣ དེ་བཞིན་ཛ་དྲག་གི་དུས་ཚེས་སུ་ངོས་འཛིན་དང་། ཕྱི་ཟླ་ ༣ ཚེས་ ༡༤ ཉིན་དེ་ཁ་བྲལ་བའི་དྲག་སྤྱོད་སྤེལ་བའི་ཉིན་མོ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་དང་ས་གནས་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་བཟོས་པའི་ཉིན་མོ་ཞེས་ཉེས་འགེལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ཟླ་ ༢ ཟླ་མཇུག་ནང་རྒྱ་ནག་གི་(阿荣旗统一战线)ཞེས་པའི་གཞུང་འབྲེལ་འཕྲིན་སྟེགས་ཤིག་ཏུ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་འཛུགས་སྐྲུན་ཐད་ཤེས་རྟོགས་དགོས་པའི་གནད་དོན་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པ་ནས་བཟུང་མི་རིགས་ཁག་མཐུན་སྒྲིལ་དང་མཉམ་གནས་ཡག་པོ་བྱུང་ཡོད་ན་ཡང་། ནུབ་ཕྱོགས་པས་རྒྱ་ནག་ཁ་བྲལ་ཕྱོགས་ཁག་དང་འབྲེལ། ཏཱ་ལའི་ཁ་བྲལ་ཚོགས་པས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༤ ཉིན་བོད་ནང་དུ་དྲག་པོའི་ཟིང་སློང་ངན་སྐུལ་བྱས་པ་དེས། མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཤུགས་ཆེན་བཟོས་ཡོད་པ་སོགས་བཀོད་འདུག་ལ། བོད་ནང་གི་འབྲེལ་ཡོད་གཞན་དེས་རྒྱ་ནག་གཞུང་གིས་དམ་དྲག་དང་སུན་བཙེར་ཤུགས་ཆེར་བྱས་ཡོང་དུས། ང་རང་ལ་མཚོན་ན་ཕྱི་ཟླ་གསུམ་པ་དེ་བཞིན་གལ་ཆེན་གྱི་དུས་ཚེས་ཤིག་ཡིན་པ་དྲན་གསོ་ལྟ་བུ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
འདི་ལོ་ནི་བོད་ནང་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་བྱུང་ནས་ལོ་ངོ་ ༦༦ དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་ངོ་ཧྲིལ་བོ་ ༡༧ འཁོར་བཞིན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མགོ་ཚུགས་ཀྱིས་བོད་ས་ཡོངས་སུ་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་ལ་མི་འདོད་པའི་ལོ་རྒོལ་བྱས་པར། རྒྱ་ནག་གཞུང་གིས་བོད་མི་ཚོའི་སྟེང་དྲག་པོའི་མཚོན་ཆ་བཀོལ་ནས་གསོད་རྨས་ཀྱི་དོན་རྐྱེན་བསླངས་བ་མ་ཟད། བོད་མི་མང་པོ་གང་བྱུང་འཛིན་བཟུང་དང་དུས་ཡུན་ལོ་ངོ་ ༢༠ བཙོན་མཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ། རྒྱ་ནག་གཞུང་ངོས་ནས་ལོ་ལྟར་ཕྱི་ཟླ་གསུམ་པའི་བརྟན་བརླིང་ཞེས་དུས་ཚེས་དེ་དག་ནང་དོགས་ཟོན་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད། །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།