ཐང་སྐོར་སོག་ཚང་སྡེ་བའི་རྩྭ་ས་དང་ཁང་པར་མེ་སྐྱོན་བྱུང་བ།
2015.11.18
མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་སྡེ་བའི་རྩྭ་ས་དང་སྡོད་ཁང་མང་པོར་མེ་སྐྱོན་ཚབས་ཆེན་བྱུང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༥ལོའི་ཟླ་༡༡་ཚེས་༡༨ཉིན་གློ་བུར་མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་སྡེ་བའི་རྩྭ་ས་དང་ཡུལ་མིའི་སྡོད་ཁྱིམ་མང་པོར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ད་བར་ཤེས་རྟོགས་བྱུང་བ་ལྟར་ན། སོག་ཚང་སྡེ་བའི་རྩྭ་ས་དང་ཁུལ་དེའི་བོད་མིའི་སྡོད་ཁྱིམ་༡༨ཙམ་ལ་མེ་སྐྱོན་བྱུང་ཡོད་པར། མེ་སྐྱོན་ཁྲོད་ཁུལ་དེའི་ཁྱིམ་ཚང་གཉིས་ཀྱི་སྡོད་ཁྱིམ་རྒྱུ་དངོས་ཡོངས་སུ་མེ་ཡིས་འཚིག་འདུག་ལ་ད་བར་བསྡོམས་པས་རྒྱུ་དངོས་རིན་ཐང་ག་ཚོད་མེ་ཡིས་འཚིག་ཡོད་པ་གསལ་བོ་མེད་ཐོག་མེ་སྐྱོན་དེ་ཁྱིམ་ཚང་ཞིག་གིས་བསང་མཆོད་བྱས་བའི་མེ་རོ་མཆེད་པ་ལས་བྱུང་བ་ཡིན་པ་ས་གནས་བོད་མི་ཚོས་ཚོད་དཔག་བྱེད་བཞིན་པ་ལས་རྒྱུ་རྐྱེན་དངོས་གསལ་བོ་ཤེས་རྟོགས་མེད་པ་དང་། མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་གནས་སྐབས་གོ་ཐོས་མེད་པ་ངོ་སྤྲོད་གནང་བྱུང་།
མེ་སྐྱོན་བྱུང་མ་ཐག་ས་གནས་བོད་མི་ཚོས་ས་གནས་རྒྱ་ནག་གི་འབྲེལ་ཡོད་མེ་གསོད་རུ་ཁག་ལ་འབྲེལ་བྱས་བ་དང་མཉམ་དུས་ཐོག་ས་གནས་བོད་མི་མཉམ་རུབ་ཀྱིས་ཆུ་ཚོད་ཁ་ཤས་རིང་ཐབས་ལམ་འདྲ་མིན་སྤྱད་ནས་མེ་གསོད་ཐབས་བྱས་མཐར་སྤྱི་ཡོངས་ནས་མེ་མགོ་གནོན་ཐུབ་ཙམ་བྱུང་ཡོད་པ་དང་། རྗེས་སུ་ས་གནས་རྒྱ་ནག་གི་མེ་གསོད་རུ་ཁག་ཡག་འབྱོར་ཡོད་འདུག
ཉེ་བའི་ནང་བོད་ནང་གི་དགོན་སྡེ་དང་ཁྱིམ་ཚང་ཁག་ལ་རྒྱུ་རྐྱེན་འདྲ་མིན་འོག་མེ་སྐྱོན་གྱི་གནས་ཚུལ་ཡང་ཡང་ཡོད་བཞིན་པ་དང་། ཉེ་བའི་ཟླ་༡༠ཚེས༢༤ཉིན་མདོ་སྨད་ཀན་ལྷོ་ཁུལ་ཅོ་ནེ་ཆོས་དཔལ་ཞིང་གི་བཀྲ་ཤིས་ཆོས་འཁོར་གླིང་གི་བླ་མ་དཀར་བོའི་ནང་ཆེན་ལ་ཡང་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།