རྟའུ་ཕྱོགས་ཀྱི་མེ་སྐྱོན་ཁྲོད་ཉུང་མཐར་དུད་ཁྱིམ་༣༠་ཙམ་འཚིགས་འདུག


2018.04.27
དཀར་མཛེས་རྟའུ་རྫོང་དབུས་ཐང་མ་ཕྱོགས་ཀྱི་མེ་སྐྱོན་བྱུང་ཡུལ། ༢༠༡༨།༤།༢༤ དཀར་མཛེས་རྟའུ་རྫོང་དབུས་ཐང་མ་ཕྱོགས་ཀྱི་མེ་སྐྱོན་བྱུང་ཡུལ། ༢༠༡༨།༤།༢༤
བོད་འབྱོར།

དཀར་མཛེས་རྟའུ་རྫོང་ཁོངས་གཡུ་ཁོག་ས་གནས་ཀྱི་དབུས་ཐང་མ་ཡུལ་ཚོར་མེ་སྐྱོན་ཆེན་པོ་བྱུང་ནས་བོད་མིའི་སྡོད་ཁྱིམ་བཅུ་ཕྲག་ཁ་ཤས་མེ་ཡིས་འཚིགས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཁ་སྣོན་རྩད་ཆོད་བྱུང་བ་ལྟར་ན། སྤྱི་ཟླ་༤་བའི་ཚེས་༢༤་ཉིན། དཀར་མཛེས་རྟའུ་རྫོང་ཁོངས་གཡུ་ཁོག་ས་གནས་ཀྱི་དབུས་ཐང་མ་ཡུལ་ཚོར་གློ་བུར་མེ་སྐྱོན་བྱུང་ནས་ཆུ་ཚོད་ཁ་ཤས་རིང་མེ་གསོད་མ་ཐུབ་པར། ཉུང་མཐར་ས་གནས་ཡུལ་མིའི་སྡོད་ཁང་༣༠་ཙམ་མེ་ཡིས་འཚིགས་ནས་ཡོད་ཅིང་ས་གནས་བོད་མི་ཚོ་དབྱར་རྩ་བརྐོ་བར་སོང་བ་སོགས་ལ་བརྟེན་མི་སྣ་ཤི་རྨས་བྱུང་མེད་པ་རེད་འདུག
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། དབུས་ཐང་མ་ཡུལ་ཚོའི་ཐོག་གི་ས་གནས་བོད་མི་ཚོའི་སྡོད་ཁང་མང་ཆེ་བ་ཤིང་ཁང་ཡིན་པ་དང་། ཁང་པ་ཕན་ཚུན་འབྲེལ་ནས་ཡོད་པར་བརྟེན་མེ་ལྕེ་མཆེད་ནས་ཁང་པ་མང་པོ་བསྟུད་མར་འབར་བས་ས་གནས་ཡུལ་མིས་སྐབས་ཐོག་ལ་མེ་གསོད་ཐུབ་མེད་ལ། རྒྱ་ནག་གི་མེ་གསོད་རུ་ཁག་ཡང་ཆུ་ཚོད་མང་པོའི་རྗེས་ནས་མ་གཏོགས་འབྱོར་མེད་པས། རྗེས་སུ་ས་གནས་ཡུལ་མི་དང་ཐག་ཉེར་ཡོད་པའི་ལམ་བཟོ་རུ་ཁག་བཅས་བས་མེ་ལྕེ་ཕན་ཚུན་མི་མཆེད་ཆེད་མེ་འབར་ཉེན་ཆེ་བའི་ཁང་པ་མང་པོ་གཏོར་དགོས་བྱུང་འདུག ཆུ་ཚོད་བཅུ་ཙམ་གྱི་རྗེས་གཞི་ནས་མེ་ཡོངས་སུ་བསད་ཐུབ་ཡོད་ཀྱང་མེ་སྐྱོན་ཁྲོད་ཉུང་མཐར་ཁང་ཁྱིམ་༣༠་ཙམ་དང་དེའི་ནང་གི་རྒྱུ་དངོས་དང་། མ་ཎི་འཁོར་ལོ་༨༠་ཙམ་བཅས་ཡོངས་སུ་འཚིགས་པ་མ་ཟད། ད་དུང་ས་གནས་ཀྱི་སློབ་གྲྭའི་ཟུར་ལ་ཡང་ཅུང་མེ་སྐྱོན་བྱུང་བ་སོགས་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་ཡོད་པ་བརྗོད་བྱུང་།
ད་ལྟའི་ཆར་ས་གནས་ཡུལ་མི་ཚོས་མེ་སྐྱོན་གྱི་དོན་རྐྱེན་དེ་གློག་སྐུད་ཡག་པོ་འཐེན་མེད་པར་བརྟེན་གློག་ནས་མེ་མཆེད་པ་ཡིན་ཚུལ་བཤད་བཞིན་པ་དང་། གནས་ཚུལ་ངོ་སྤྲོད་པས་གསུངས་ན། ས་གནས་སུ་གློག་གི་མཐུན་རྐྱེན་ཡག་པོ་མེད་ཐོག་གློག་སྐུད་ཡག་པོ་འཐེན་མེད་པ་སོགས་ལ་བརྟེན་ལོ་སྔོན་མའི་ནང་གོང་གི་དབུས་ཐང་མ་ཡུལ་ཚོ་དང་། གཡུ་ངན་ཡུལ་ཚོ། ཆུ་དམར་ཡུལ་ཚོ་བཅས་སུ་མེ་སྐྱོན་བྱུང་བ་མ་ཟད། བྱིས་བ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་རེད།
གོང་གི་མེ་སྐྱོན་བྱུང་ཡུལ་ནི་ད་ལྟའི་ཆར་རྒྱ་ནག་གིས་ཆ་བགོས་བྱས་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་་གཡུ་ཁོག་ཕྱོགས་སུ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎