སྐད་འཕྲིན་བརྒྱུད་༧གོང་ས་མཆོག་གི་སྐུ་པར་བསྐུར་བར་བརྟེན་འཛིན་བཟུང་།
2019.08.26
མཛོད་དགེ་རྫོང་ཐང་སྐོར་གྱི་བོད་མི་རིན་བསོ་ཟེར་བ་ཞིག་གིས་སྐད་འཕྲིན་དྲ་ལམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བསྐུར་ལུགས་ཀྱི་ཉེས་འཛུགས་ཀྱིས་ཉི་མ་བཅུའི་རིང་བཀག་ཉར་འདྲི་རྩད་བྱས་འདུག
རྒྱ་ནག་གཞུང་གིས་དེང་སང་སྐད་འཕྲིན་དྲ་ལམ་དུ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལྟར། ཉེ་ལམ་སྤྱི་ཟླ་༧པའི་ཟླ་འགོར་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པ། མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་ཞང་གི་རུ་ཆེན་གསུམ་པ་ནས་ཡིན་པ། རང་ལོ་༥༠་ཡས་མས་ཡིན་པའི་བོད་མི་རིན་བསོ་ཟེར་བ་ཞིག་གིས། སྐད་འཕྲིན་དྲ་ལམ་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བསྐུར་ལུགས་ཀྱིས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས། ཉི་མ་བཅུའི་རིང་བཀག་ཉར་བྱས་ཏེ། སྤྱི་ཟླ་༧་པའི་ཚེས་༡༦་ཉིན་གློད་གྲོལ་བཏང་ཡོད་པ། བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ད་དུང་སྐད་འཕྲིན་དྲ་ལམ་དུ་སྐད་ཆ་སྣ་ཚོགས་བཤད་པ་དང་། པར་འདྲ་མིན་བསྐུར་ན་རྒྱ་ནག་གི་ཞིབ་བཤེར་འོག་ཚུད་ནས་མང་པོར་དཀའ་ངལ་འཕྲད་བཞིན་པ་བརྗོད་སོང་།
ཡང་བོད་ནང་གི་བོད་མི་གཞན་ཞིག་གིས་ཐང་སྐོར་རིན་བསོ་ཟེར་བ་ད་ཆ་གློད་གྲོལ་ཐོབ་པ་དངོས་བདེན་ཡིན་པ་དང་། བདུན་ཕྲག་གཅིག་ཡར་མར་ལ་བཀག་ཉར་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་གཞུང་འབྲེལ་གྱི་ཐོག་ནས་སྐད་འཕྲིན་ལ་དོ་དམ་ཞིབ་བཤེར་ནན་པོ་ཡོད་པ་ཁྱབ་བསྒྲགས་བྱེད་བཞིན་པའི་ཁྲོད། སྐད་འཕྲིན་དུ་ཆབ་སྲིད་ཚོར་བ་སྐྱེན་པའི་བརྗོད་གཞི་མི་སྤེལ་བ་དང་། འཆལ་གཏམ་ལ་ཡིད་མི་ཆེས་པ་དང་མི་སྒྲོག་པ། ནང་ཁུལ་གྱི་རྒྱུ་ཆ་ཕྱིར་མི་བསྐུར་པ་དང་འཇིགས་སྐུལ་གྱི་བརྡ་འཕྲིན་མི་བསྐུར་པ། ཧོང་ཀོང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་གནས་ཚུལ་གཞུང་གིས་ཁྱབ་བསྒྲགས་མ་བྱས་གོང་མི་བསྐུར་པ། དམག་དོན་དཔྱད་གཞིའི་ཡིག་རིགས་ཀྱི་གསར་འགྱུར་མི་བསྐུར་པ། རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བའི་ཡིག་ཆ་མི་བསྐུར་པ། ངེས་པར་དུ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་། ཁྲིམས་འགལ་ཚབ་ཆེ་བྱུང་ན་རིང་ཤོས་ལོ་བརྒྱད་ཀྱི་ཁྲིམས་ཐག་གཅོད་རྒྱུ་སོགས་འཁོད་ཡོད་པ་རེད།