རྒྱ་ནག་གིས་བོད་ནང་དམ་དྲག་བྱས་རྐྱེན་བོད་ཕྱི་ནང་གཉིས་བར་འབྲེལ་མཐུད་ཀྱི་དཀའ་ངལ་ཇེ་ཆེ་རེད་འདུག

2022.02.23
རྒྱ་ནག་གིས་བོད་ནང་དམ་དྲག་བྱས་རྐྱེན་བོད་ཕྱི་ནང་གཉིས་བར་འབྲེལ་མཐུད་ཀྱི་དཀའ་ངལ་ཇེ་ཆེ་རེད་འདུག ལྷ་སའི་བར་སྐོར་ཉེ་འགྲམ་གྱི་སྤྱི་སྤྱོད་ཁ་པར་གཏོང་ཡུལ་ཞིག
Reuters

ཉེ་ཆར་རྒྱ་ནག་གཞུང་གི་དམ་དྲག་གི་སྲིད་བྱུས་ཀྱི་རྐྱེན་གྱིས་སྐད་འཕྲིན་ལ་སོགས་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་དང་། དམིགས་བསལ་གྱི་བོད་ནས་རྒྱ་གར་ལ་འབྲེལ་བ་བྱེད་མཁན་ཚོར་དམ་དྲག་ཇེ་ཆེར་བཏང་ཡོད་པ་ནི། བོད་ས་ཁྱོན་ཡོངས་སུ་ཧ་ལམ་གཅིག་མཚུངས་ལྟ་བུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཉེ་ལམ་དཔྱད་ཞིབ་བྱས་པའི་གྲུབ་དོན་ནས་ཤེས་རྟོགས་བྱུང་།
འདི་ག་རླུང་འཕྲིན་ཁང་གིས་བོད་ནས་བྲོས་བྱོལ་དུ་ཕེབས་ཏེ་ད་ཆ་རྒྱ་གར་ནང་གནས་སྡོད་བོད་མི་མི་གྲངས་༢༡༥་ལ་དཔྱད་བསྡུར་འདྲི་ཞིབ་བྱས་པའི་ཁྲོད། རྒྱ་ནག་གིས་དམ་དྲག་ཇེ་ཆེར་བཏང་བའི་རྐྱེན་གྱིས་བོད་མི་༡༠༦ གིས་སོ་སོའི་ཕ་མ་སྤུན་ཉེ་དང་འབྲེལ་བ་ཡོངས་སུ་ཆད་འདུག་པ་མ་ཟད། འདས་པའི་ལོ་གཉིས་ཙམ་ནས་བོད་མི་༤༤་ཡིས་བོད་ནང་དུ་འབྲེལ་བ་བྱེད་ཕྱོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་སོང་འདུག་ཅིང་། བརྒྱ་ཆར་སྐོར་ན། བོད་ནང་འབྲེལ་བ་རྦད་ཏེ་ཆད་པའི་བོད་མི་བརྒྱ་ཆའི་༤༩།༣%་དང་། འབྲེལ་བ་ཇེ་སྔུག་ཏུ་སོང་པའི་བོད་མི་བརྒྱ་ཆའི་ ༢༠།༥%་ཡོད་པ་དཔྱད་ཞིབ་ཀྱི་གྲུབ་དོན་ལས་གསལ་སྟོན་བྱུང་།
དཔེར་ན། ༢༠༠༠་ལོར་ཆབ་མདོ་ས་ཁུལ་སྨར་ཁམས་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་ན་གཞོན་སྐལ་བཟང་རྒྱ་མཚོ་ལགས་ཀྱིས། དེ་སྔོན་ཕ་ཡུལ་དུ་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་། བར་ལམ་ཟླ་བ་འགའ་ཞིག་གི་གོང་ནས་དམ་དྲག་གིས་དབང་གིས་ནང་མི་སྤུན་ཉེ་དང་འབྲེལ་བ་ཡོངས་སུ་ཆད་ཡོད་འདུག
ཡང་གོང་ཞུས་དཔྱད་ཞིབ་ཀྱི་གྲུབ་དོན་ལ་གཞིགས་པ་ཡིན་ན། བོད་མཚོ་སྔོན་ཞིང་ཆེན་དང་། ཟི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་ཁུལ་ཁག་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ནང་བཞིན་རྒྱ་གར་དུ་འབྲེལ་བ་བྱེད་པར་དེ་ཙམ་གྱི་དམ་དྲག་མེད་པ་གསལ་གྱི་འདུག དེ་ཡང་བོད་མི་༢༡༥་ལ་འདྲི་ཞིབ་བྱས་པའི་ནང་ནས་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་བོད་མི་བརྒྱ་ཆའི ༤༣་དང་། མཚོ་སྔོན་ཁོངས་ཀྱི་བོད་མི་བརྒྱ་ཆའི ༤༤་ཡིས་ཕ་མ་སྤུན་ཉེ་ཚོར་འབྲེལ་བ་བྱེད་མུས་ཡིན་འདུག འོན་ཀྱང་། བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་ནང་འབྲེལ་བྱེད་ཐུབ་མཁན་བོད་མི་བརྒྱ་ཆའི་༡༥་ལས་མེད་པ་གསལ་སྟོན་བྱེད་ཀྱི་འདུག
དུ་དུང་དཔྱད་ཞིབ་དེའི་ནང་། རྒྱ་གར་ཕྱོགས་སུ་ཆབ་སྲིད་ཀྱི་ལས་དོན་གཉེར་མཁན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན། གནད་ཡོད་མི་སྣ། དེ་བཞིན་གསར་འགོད་པ་སོགས་ཀྱིས་བོད་ནང་ཕ་མ་སྤུན་ཉེ་ཚོར་འབྲེལ་བ་བྱེད་རྒྱུའི་ཐད་ཧ་ཅང་གི་ཁག་པོ་ཆགས་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག་ལ། ཉེ་ལམ་རྒྱ་གར་ནང་གི་བོད་ཀྱི་གསར་འགོད་པ་ཁག་ཅིག་གི་ནང་མིར་རྒྱ་ནག་གཞུང་གིས་འདྲི་ཞིབ་དང་བཀག་གཉར་ཡང་བྱས་འདུག
ཡང་དཔྱད་ཞིབ་དེའི་ནང་རྒྱ་གར་དུ་ཡོད་པའི་བོད་མཚོ་སྔོན་ཁུལ་གྱི་བོད་མི་༣་ལ་རྒྱ་ནག་གཞུང་གིས་ཆེད་དུ་ཁ་པར་བཏང་སྟེ། ཕྱི་སྡོད་བོད་མི་ཚོ་བོད་ནང་དུ་ནང་འབྲེལ་བྱེད་རྒྱུའི་སྲིད་བྱུས་གསར་པ་ཞིག་སླེབས་ཡོད་པས། བོད་ལ་ཚུར་ལོག་བ་ཡིན་ན། ཡིག་ཆ་ཚུད་པའི་དགོས་མཁོ་ཆ་ཚང་གྲ་སྒྲིག་བྱེད་རྒྱུ་ཡིན་པ་སོགས་བརྗོད་ཡོད་འདུག
གཞན་བོད་ནང་གི་ནང་མི་སྤུན་ཉེ་ཚོའི་བདེ་འཇགས་ཆེད་དུ་མིང་འབོད་གནང་འདོད་མེད་པ་རྒྱ་གར་ནང་གནས་སྡོད་མཚོ་སྔོན་ནས་ཡིན་པའི་བོད་མི་ཞིག་གིས། ཉེ་བའི་ཆར་ཁོང་ལ་བོད་ལ་ཕྱིར་ལོག་དགོས་པའི་ཁ་པར་ཡང་ཡང་བཏང་བ་མ་ཟད། རྒྱ་ནག་གཞུང་གིས་ཆེད་དུ་ཁོང་གི་ཁྱིམ་དུ་མི་སྣ་བཏང་སྟེ་ཕ་མ་ཚོར་འདྲི་ཞིབ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།


སྐད་འཕྲིན་ནི་བོད་ཕྱི་ནང་གཉིས་བར་འབྲེལ་མཐུད་བྱེད་སའི་བརྒྱུད་ལམ་གཙོ་བོའི་གྲས་ཤིག་ཡིན། འོན་ཀྱང་། སྤྱི་ལོ་༢༠༢༠་ལོར་རྒྱ་གར་གཞུང་གིས་རྒྱ་ནག་ནས་བཟོས་པའི་སྐད་འཕྲིན་མཉེན་ཆས་བཀག་པའི་རྐྱེན་གྱིས་བོད་མི་མི་ཉུང་ཞིག་གིས་བོད་ནང་འབྲེལ་བ་བྱེད་རྒྱུ་མཚམས་ཆད་འདུག་ཅིང་། གོང་ཞུས་དཔྱད་ཞིབ་ནང་རྒྱ་གར་གྱི་ཐག་གཅོད་དེས་བོད་མི་༢༡༥་ལས་བརྒྱ་ཆའི ༡༠%་ལ་ཤུགས་རྐྱེན་སྤྲད་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག་ལ། དེ་ཡང་ཕལ་ཆེ་བ་དགུང་ལོ་བགྲེས་པ་དང་(VPN)་མཉེན་ཆས་བེད་སྤྱོད་བྱེད་མི་ཤེས་མཁན་ཚོ་ཡིན་འདུག
གཞི་རྩའི་ཆ་ནས་༢༠༢༡་ཙམ་ནས་རྒྱ་ནག་གཞུང་གིས་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་བོད་མི་ཚོར་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ལྷག་པར་དུ་བོད་ཕྱི་ཕྱོགས་སུ་དངུལ་གཏོང་མཁན་ཚོར་དམིགས་བསལ་གྱི་དམ་དྲག་བྱེད་འགོ་བཙུགས་ཡོད་པ་མ་ཟད། ད་སྐབས་ཆབ་སྲིད་ཙམ་མ་ཟད། སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་སྤྱིར་བཏང་གི་སྐད་ཆ་བཤད་མཁན་ཚོར་ཡང་དམ་དྲག་བྱེད་ཀྱི་ཡོད་པ་དང་། ཨ་མདོ་རྔ་བ་ཁུལ་དུ་བོད་མི་ཚོའི་ཁ་པར་ཐོག་ལ་ལྟ་སྲུང་བྱེད་མཁན་ཀྱི་ལས་ཁུངས་ཆེད་འཛུགས་བྱས་ཡོད་པ། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་དགེ་བཤེས་བློ་བཟང་ཡེ་ཤེས་ལགས་ཀྱིས་གསུངས་བྱུང་།
གཞན་ཡང་དེ་སྔོན་༢༠༢༠་ལོའི་ནང་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བསྟན་འཛིན་ཐར་པ་ལགས་དང་། བུ་མོ་ལྷ་མོ་ལགས་རྣམ་གཉིས་ནས་རྒྱ་གར་ལ་འབྲེལ་བ་བྱས་ཏེ་དངུལ་བཏང་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལྷ་མོ་ལགས་ལ་རྡུང་རྡེག་ཚབས་ཆེན་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད།

གསར་འགོད་པ། བློ་བཟང་དགེ་ལེགས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎