ཀྲོའུ་ཡུང་ཁང་ལ་གནད་དོན་གསུམ་གྱི་ཐེར་འདོན་ཁྲིམས་གཏུགས་བྱས་བ།
2015.04.03
རྒྱ་ནག་ཆེས་མཐོའི་ཞིབ་དཔྱོད་ལས་ཁང་གིས་རྒྱ་ནག་སྲིད་ཁྲིམས་ལས་ཁང་གི་དཔོན་རིཊ་ཟུར་པ་ཀྲོའུ་ཡུང་ཁང་དངོས་སུ་ཁྲིམས་གཏུགས་བྱས།
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༣གཟའ་པ་སངས་ཉིན་རྒྱ་ནག་གི་ཆེས་མཐོའི་ཞིབ་དཔྱོད་ལས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ཀྲོའུ་ཡུང་ཁང་གིས་དབང་ཆ་བཟུང་བའི་རིང་ལྐོག་ཟ་བྱས་པ་དང་། དབང་ཆ་གང་བྱུང་བེད་སྤྱོད་བྱས་པ། ཆེད་མངགས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་བཙུགས་ཐོག་ནས་རྒྱ་ནག་གི་གྲོང་ཁྱེར་ཐན་ཅིན་ཞིབ་དཔྱོད་ལས་ཁང་གིས་གཟའ་པ་སངས་ཉིན་དེར་ཐན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་དུ་དངོས་སུ་ཁྲིམས་གཏུགས་བྱས་ཡོད་པ་རེད་ཅེས་འཁོད་ཡོད་འདུག
ད་ལོ་རང་ལོ་༧༢ཡིན་པའི་རྒྱ་ནག་གི་དཔོན་རིགས་ཟུར་པ་ཀྲོའུ་ཡུང་ཁང་ནི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་འགུལ་ནང་འཛིན་བཟུང་བྱས་པའི་དཔོན་རིགས་གོ་གནས་མཐོ་ཤོས་དེ་ཡིན་པ་མ་ཟད། ༡༩༤༩ལོའི་རྗེས་རྒྱ་ནག་ནང་ལྐོག་ཟའི་གནད་དོན་གྱི་རྐྱེན་པས་བརྟག་དཔྱད་བྱེད་ཡས་ཀྱི་དཔོན་རིགས་གོ་གནས་མཐོ་ཤོས་དེ་ཡང་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྲོའུ་ཡུང་ཁང་འཛིན་བཟུང་བྱས་ནས་རྒྱ་ནག་གུང་ཁྲན་གཞུང་གི་ལྐོག་ཟར་འགོག་རྒོལ་གྱི་ལས་དོན་མུ་མཐུད་སྤེལ་རྒྱུའི་རྣམ་པ་མཚོན་ལུགས་བརྗོད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་གནད་དོན་དེ་ཚོའི་ཐོག་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ཡང་ཧ་ཅང་གི་རྣོ་ངར་ཡོད་པའི་རྣམ་པ་ཞིག་ཡང་མཚོན་ཐུབ་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད།