རྒྱ་ནག་གི་དམག་སྤྱི་མཐོ་གྲས་ཤིག་འཇུ་བཟུང་བྱས་འདུག
2016.08.26
རྒྱ་ནག་གི་དམག་སྤྱི་གཞོན་པ་(Wang Jianping)་ཡིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
རྒྱ་ནག་གཞུང་གིས་ཚེ་བཙོན་ཁྲིམས་ཆད་བཏང་བའི་རྒྱ་ནག་གི་རྒྱལ་སྲུང་དཔོན་རིགས་མཐོ་ཤོས་Zhou Yongkang་དང་བློ་ཐག་ཉེ་བའི་རྒྱ་ནག་གི་དམག་སྤྱི་གཞོན་པ་Wang Jianping་ཡིས་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་གཞི་དང་བརྒལ་འཛོལ་དང་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
དེ་ཡང་South China Morning Post་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན། སྟོབས་ཤུགས་ཆེ་བའི་རྒྱ་ནག་གི་དབུས་དམག་སྲིད་ཚོགས་ཆུང་འོག་དམག་སྤྱི་གཞོན་པའི་གོ་གནས་ཡོད་པ་རང་ལོ་༦༢་ལ་སོན་པའི་དམག་དཔོན་Wang Jianping་ཡིས་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའི་ནང་བལྟ་སྐོར་བྱེད་བཞིན་པའི་སྐབས་སུ་འདི་ཚེས་༢༥་ཉིན་གཟའ་ཕུར་བུའི་ཉིན་རྒྱབ་ལ་འཛིན་བཟུང་བཙན་འཁྲིད་བྱས་སྐོར་དང་། ཡང་ཁོང་གི་བཟའ་ཟླ་དང་དྲུང་ཡིག་Su Haihui་ཞེས་བ་དེ་སྔ་དྲག་ཆས་གོ་མཚོན་ཐོག་པའི་ཉེན་རྟོག་པ་ཚོར་སྦྱོང་བརྡར་སྤྲོད་མཁན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་གཉིས་ཀྱང་ཉིན་དེ་རང་ལ་འཛིན་བཟུང་བྱས་སྟེ། རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་བཙན་ཁྲིད་བྱས་སྐོར་མིང་འདོན་བྱེད་འདོད་མེད་པ་ཞིག་གིས་བརྗོད་འདུག
ཕྱི་ལོ་༢༠༡༣་ལོར་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཚབས་ཆེ་བཏང་བ་ནས་བཟུང་རྒྱ་ནག་གི་དམག་མིའི་ཞབས་ཕྱི་ཞུ་བཞིན་པའི་སྐབས་སུ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙན་འཁྲིད་བྱས་པ་Wang་ནི་དམག་དཔོན་དང་པོ་དེ་ཡིན་པ་དང་། སྤྱིར་བཏང་རྒྱ་མིའི་དམག་དཔོན་འཛིན་བཟུང་བྱས་པ་གཉིས་པ་དེ་ཡིན་ཞིང་། ཁོ་པའི་སྔོན་ལ་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་མིའི་མཁའ་དམག་གི་དམག་དཔོན་དང་། རྒྱ་ནག་དབུས་དམག་དོན་ལས་ཁུངས་ཀྱི་ཚོགས་མི་ཡིན་པ་རང་ལོ་༦༦་ལ་སླེབས་པ་Tian Xuisi་ཟླ་བ་སྔོན་མའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པ་དམག་དཔོན་འཛིན་བཟུང་བྱས་པ་ཐོག་མ་དེ་ཡིན་པ་དང་ཁོ་པ་རྒན་ཡོལ་དུ་ཕྱིན་ཟིན་པ་ཞིག་ཡིན་པ་རེད།
ཡང་རྒྱ་ནག་གཞུང་གིས་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་པ་ཀྲུག་ཡོན་ཁང་ཕྱི་ལོ་༢༠༡༣་ལོར་འཛིན་བཟུང་བྱས་སྟེ། སྔ་ལོ་༢༠༡༥་ལོའི་ཟླ་༥་པའི་ནང་རྒྱ་ནག་ཐེན་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ཡོད་པ་རེད། ཀྲུག་ཡོན་ཁང་དང་བློ་ཐག་ཉེ་བའི་རྒྱ་མིའི་དམག་དཔོན་Wang་དང་Xu་གཉིས་ལ་ཡང་ཕྱི་ལོ་༢༠༡༤་ལོ་ནས་བཟུང་དཔྱད་ཞིབ་བྱེད་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།