ཨཕ་ག་ནིསྟན་ནང་ད་ལྟའང་བརྟན་ལྷིང་མེད་པ།
2011.08.07
༄༅༎ཨ་རིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨཕ་ག་ནིསྟན་ལ་ད་བར་ཨ་སྒོར་འཐེར་འབུམ་མང་པོའི་དཔལ་འབྱོར་གྱི་རོགས་སྐྱོར་མཁོ་སྤྲོད་གནང་མིན་ལ་མ་ལྟོས་པར་ཨཕ་ག་ནིསྟན་ནང་ཆབ་སྲིད་བརྟན་ལྷིངས་དང་། དཔལ་འབྱོར་རང་འཚོ་ཐུབ་པའི་གནས་སྟངས་ཤིག་ད་ལྟའང་བསྐྲུན་ཐུབ་མེད་པའི་སྐོར་སྦེལ་ཇིམ་གྱི་རྒྱལ་ས་སྦར་སིལ་གྱི་ནང་རྟེན་གཞི་བྱས་པའི་ International Crisis Group འམ་རྒྱལ་སྤྱིའི་རྩོད་རྙོག་སྡོམ་བསྒྲིག་ཁང་གིས་དེ་རིང་སྙན་ཐོ་ཞིག་ནང་འཐེར་བཏོན་གནང་ཡོད་པ་རེད།
རྩོད་རྙོག་སྔོམ་སྒྲིག་ཁང་གི་སྙན་ཐོའི་ནང་ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་གིས་ཕྱི་ལོ་༢༠༡༤ ནས་ཨཕ་ག་ནིསྟན་ནས་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་གནང་རྒྱུའི་འཆར་བཀོད་ཡོད་ནའང་། ཡུལ་ནང་ཞི་བདེ་བརྟན་ལྷིངས་ཐུབ་ཐབས་ཀྱི་འཆར་གཞི་ངེས་གཏན་གང་ཡང་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
སྙན་ཐོ་འདིའི་ནང་བཀོད་པར་གཞིགས་ན། ཨཕ་ག་ནིསྟན་ལ་ཡུལ་གྱི་རྒྱུན་གྲོན་བརྒྱ་ཆ་༩༠ ཉེ་བ་ཕྱིའི་རོགས་སྐྱོར་ལ་རྟེན་དགོས་ཀྱི་ཡོད་པ་དང་། གཞུང་གི་ནང་ལྐོག་ཟའི་དཀའ་ངལ་ཆེ་བས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རོགས་དངུལ་ཨཕ་ག་ནིསྟན་གཞུང་ལ་ཐད་ཀར་གནང་རྒྱུར་ཐུགས་འདོད་གནང་གི་མེད་སྐོར་བཀོད་ཡོད་པ་རེད།
ཨ་རི་དང་ཨ་རིའི་མཐུན་གྲོགས་ཡུལ་ཁག་ཚོས་ཨཕ་ག་ནིསྟན་ནང་དྲག་སྤྱོད་བཀག་སྡོམ་ཆེད་དམག་འཐབ་བརྩམས་ཏེ་ལོ་ངོ་བཅུ་ཕྲག་འགྲོ་ཡོད་ཀྱང་ཡུལ་ནང་གནས་སྟངས་བརྟན་ལྷིངས་མ་ཐུབ་པའི་ཁར་ དྲག་སྤྱོད་པས་དྲག་ལས་སྤེལ་བའི་དོན་རྐྱེན་ཇེ་མང་འགྲོ་བཞིན་ཡོད་པ་གསུངས་ཀྱི་ཡོད་པ་དང་། དཔེར་ན་འདི་ལོར་མཚོན་ན་དམག་འཐབ་འགོ་བཙུགས་བྱུང་བ་ནས་རྒྱལ་སྤྱིའི་དཔུང་དམག་ལ་སྲོག་སྐྱོན་བྱུང་བ་མང་ཤོས་འདི་ཆགས་ཀྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད༎