ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུའུ་ཁུ་རེན་ལ་དངོས་སུ་དྲག་པོའི་བཙན་འཛུལ་བྱེད་འགོ་ཚུགས་འདུག
ར་ཤེ་ཡའམ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་འདི་ཚེས་༢༤་གཟའ་ཕུར་བུའི་ཐོ་རེངས་སྔ་མོ་ནས་ཡུལ་དེའི་རྒྱལ་ཡོངས་རླུང་འཕྲིན་བརྒྱུད་ནས་ཡུའུ་ཁུ་རན་གྱི་ཤར་ཕྱོགས་ཁུལ་ལ་དྲག་པོའི་དམིགས་བསལ་དམག་དོན་སྤེལ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་རྗེས། དེ་མ་ཐག་ཡུའུ་ཁུ་རན་(Ukraine)་གྱི་རྒྱལ་ས་(Kyiv)་ཕྱོགས་སུ་མེ་སྒྱོགས་འཕངས་བ་དང་འགད་རྫས་གཡུག་པའི་སྒྲ་དང་། དེ་བཞིན་གང་སར་ཛ་དྲག་ཉེན་བརྡའི་སྒྲ་མཚམས་མ་ཆད་པར་གྲགས་པ་དང་། རྒྱལ་སའི་གནམ་ཐང་གི་ཉེ་འཁོར་དུ་མེ་མདའ་འཕེན་རེས་བྱས་འདུག་ལ་ད་བར་མི་གྲངས་བཅུ་ཕྲག་ཁ་ཤས་ཤི་རྨས་བྱུང་ཡོད་པ་དང་ཤི་རྨས་ཀྱི་གྲངས་ཀ་མུ་མཐུད་དུ་མགྱོགས་པོར་འཕར་བཞིན་འདུག
ཨུ་རུ་སུའི་བཙན་འཛུལ་དེ་དང་འབྲེལ་སྲིད་དོན་དབྱེ་ཞིབ་པ་དག་གིས་རྒྱ་ནག་གཞུང་གིས་ཀྱང་གོ་སྐབས་འདི་བཟུང་ནས་ཐེ་ཝན་ལ་དམག་རྒྱག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར། དབྱིན་ཇིའི་སྲིད་བློན་(Boris Johnson)་ཀྱིས། གལ་ཏེ། ཡུའུ་ཁུ་རེན་ཉེན་ཁའི་གནས་སུ་ཡོད་ན། ཉེན་ཁའི་བྲག་ཆ་དེ་འཛམ་གླིང་ཡོངས་སུ་ཁྱབ་རྒྱུ་མ་ཟད། བྲག་ཆ་དེ་ཤར་ཨེ་ཤེ་ཡ་དང་ཐེ་ཝན་ནས་ཚོར་གྱི་རེད་ཅེས་གསུངས་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་གཏོར་རྒོལ་གཏོང་སྲིད་པའི་བརྡ་རང་བཞིན་གྱི་གཏམ་བཤད་གནང་འདུག
དེ་བཞིན་གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་མི་འདྲ་བར་ད་ཐེངས་ཨུ་རུ་སུའི་བྱ་སྤྱོད་དེ་དྲག་པོའི་བཙན་འཛུལ་ཡིན་པར་ངོས་འཛིན་བྱེད་འདོད་བྱེད་ཀྱི་མེད་པ་དང་། འདི་ཚེས་༢༤་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་གསར་འགོད་པ་ཚོས་ཐེངས་ཁ་ཤས་ལ་ད་ཐེངས་ཨུ་རུ་སུས་བྱ་སྤྱོད་དེ་བཙན་འཛུལ་ཡིན་མིན་དྲིས་སྐབས། དེ་ལ་ཐད་ཀར་ལན་འདེབས་མ་བྱས་བ་མ་ཟད། ཨ་རིས་ད་ཐེངས་དམག་འཁྲུག་གི་མེ་སྦར་བ་ཡིན་པའི་སྐྱོན་བརྗོད་བྱས་འདུག
ཡུའུ་ཁུ་རན་གྱི་ཕྱི་སྲིད་བློན་ཆེན་(Dmytro Kuleba)་ཀྱིས་པུ་ཀྲིན་གྱིས་ཡོའུ་ཁུ་རན་གྱི་ཐོག་གཞི་རྒྱ་ཆེ་བའི་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་པ་དང་། ཞི་བདེར་གནས་པའི་ཡུའུ་ཁུ་རན་གྱི་གྲོང་ཁྱེར་ཁག་ལ་གཏོར་རྒོལ་བྱེད་མུས་ཡིན་སྐོར་(twitter)་དྲ་ལམ་བརྒྱུད་ནས་གསུངས་འདུག་ལ། ད་དུང་ཁོང་གིས་ཡུའུ་ཁུ་རན་གྱིས་རང་ཉིད་སྲུང་སྐྱོབ་གནང་རྒྱུ་དང་རྒྱལ་ཁ་ཡང་ཐོབ་རྒྱུ་ངེས་པ་དང་། འཛམ་གླིང་གིས་པུ་ཀྲིན་གྱིས་བཙན་འཛུལ་མཚམས་འཇོག་བྱེད་ཐུབ་རྒྱུ་དང་ངེས་པར་དུ་མཚམས་འཇོག་བྱེད་དུ་འཇུག་དགོས་པའི་ལས་དོན་སྤེལ་རྒྱུའི་དུས་ཚོད་ད་ལྟ་ཡིན་སྐོར་ཡང་བྲིས་འདུག
ཨ་རིའི་སྲིད་འཛིན་(Joe Biden)་ཨུ་རུ་སུས་ཡུའུ་ཁུ་རན་ནང་བཙན་འཛུལ་བྱ་རྒྱུའི་གནས་ཚུལ་བདུན་ཕྲག་འགའ་ཤས་གོང་ནས་སྔོན་དཔག་བྱས་ཡོད། དྲང་བདེན་མིན་པའི་བཙན་འཛུལ་བྱེད་སྐབས་ཡུའུ་ཁུ་རན་གྱི་མི་མང་རྣམས་ཀྱིས་དཀའ་སྡུག་མྱང་རྒྱུ་ཡིན་པས། ཁོང་རྣམས་ཀྱི་ཆེད་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་། དུས་མཚུངས་དེའི་ལན་དུ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཆེན་པོ་འགེལ་རྒྱུ་ཡིན། ད་དུང་འཛམ་གླིང་གླིང་སྟོབས་ཆེན་རྒྱལ་ཁབ་(G7)་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཇལ་མོལ་གནང་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཐོག་ཉེས་ཆད་ཆེན་པོ་འགེལ་རྒྱུ་ཡིན་པ་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ད་ཐེངས་ཀྱི་དམག་འཁྲུག་འདི་བསྐྲུན་པ་ཡིན་པས། མི་གསོད་ཁྲག་སྦྱོར་གྱི་མཇུག་འབྲས་དང་འགན་ཡོངས་རྫོགས་པུ་ཀྲེན་གྱིས་འཁྱེར་དགོས་བ་བཤད་འདུག
ད་དུང་དེའི་རྗེས་གསར་འགོད་ལྷན་ཚོགས་སྐབས་ཁོང་གིས་མུ་མཐུད་དུ། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་མཉམ་དུ་བཀའ་མོལ་གོ་བསྡུར་བྱུང་བ་དང་ད་ཐེངས་ཨུ་རུ་སུར་མ་འོངས་ཡུན་རིང་དཀའ་ངལ་འཕྲད་རྒྱུའི་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱུང་བ་གསུངས་སྐབས། གསར་འགོད་པ་མང་པོས་པུ་ཀྲེན་ལ་ཐད་ཀར་ཉེས་ཆད་མ་བཅད་པའི་རྒྱུ་མཚན་གང་ཡིན་པ་སོགས་དྲི་བ་མང་པོ་དྲིས་ཡོད་པ་རེད།
ཨུ་རུ་སུས་(NATO)་ཞེས་ཨེཀ་ལན་ཀྲིག་སྤྱི་ཆིང་སྒྲིག་འཛུགས་ཤར་ཕྱོགས་ཁུལ་ལ་རྒྱ་བསྐྱེད་གཏོང་རྒྱུ་མཚམས་འཇོག་དགོས་པ་དང་། ཨ་རིས་སྣེ་ཁྲིད་པའི་སྒྲིག་འཛུགས་དེའི་ནང་ཡུའུ་ཁུ་རན་འཛུལ་ཞུགས་བྱས་ཚེ་ཁས་ལེན་བྱེད་རྒྱུ་མིན་པའི་དགོས་འདུན་ཡང་ཡང་བསྐྱར་བཟློས་བྱས་ནས། ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་ད་ཆ་དེང་དུས་ཀྱི་ཡུའུ་ཁུ་རན་ནས་ཨུ་རུ་སུ་སྲུང་སྐྱོབ་བྱ་རྒྱུའི་སླད་དུ། ཡུལ་དེའི་ནང་དམག་དོན་ལས་གཞི་སྤེལ་རྒྱུའི་ཆོག་མཆན་སྤྲོད་རྒྱུ་ལས་ཐབས་ཤེས་གཞན་ལྷག་མེད་པ་དང་། དེ་མ་གཏོགས་ཨུ་རུ་སུས་ཡུའུ་ཁུ་རན་གྱི་ས་ཁོངས་དབང་དུ་བསྡུ་རྒྱུའི་འདོད་པ་མེད་ལ། དྲག་པོའི་བཙན་བཟུང་གང་ཡང་བྱ་རྒྱུ་མིན་ལུགས་ཀྱང་བརྗོད་འདུག
ཡུ་ཀེ་རེན་གྱི་སྲིད་འཛིན་(Zelenskiy)་ཡིས་ཨུ་རུ་སུས་ཡུལ་དེའི་རྨང་གཞིའི་འཛུགས་བསྐྲུན་ཁག་དང་མཐའ་སྲུང་དམག་གི་རྟེན་གཞི་ཁག་ལ་མེ་ཤུགས་འཕུར་མདེལ་རྒྱབ་ནས་གཏོར་རྒོལ་བྱེད་བཞིན་འདུག ཡིན་ན་ཡང་ཡུའུ་ཁུ་རེན་གྱིས་ཁ་གཏད་གང་ལ་འཕྲད་ཀྱང་བཙན་འཛུལ་ངོས་ལེན་མེད་པས་གྲ་སྒྲིག་ཨང་གསར་ཡོད། ཕར་ཕྱོགས་ཕམ་ཉེས་གཏོང་རྒྱུ་ཡིན་པ་བརྗོད་འདུག
གནས་ཚུལ་ལྟར་ན། ཡུའུ་ཁུ་རེན་གྱི་མཐའ་མཚམས་ཁུལ་དུ་ཨུ་རུ་སུའི་དམག་མི་འབུམ་གཉིས་ཙམ་འབྱོར་ཡོད་པ་རེད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།