རྒྱ་ནག་གཞུང་གིས་ར་ཤེ་ཡ་དང་ཡུཀ་རེན་བར་གྲོས་མོལ་དགོས་ཚུལ་ཀྱི་ཡིག་ཆ་བཏོན་འདུག

2023.02.24
རྒྱ་ནག་གཞུང་གིས་ར་ཤེ་ཡ་དང་ཡུཀ་རེན་བར་གྲོས་མོལ་དགོས་ཚུལ་ཀྱི་ཡིག་ཆ་བཏོན་འདུག ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་དམག་འཁྲུག་རྒྱབ་ནས་ལོ་གཅིག་ཕྱིན་པའི་ཉིན་ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་མདུན་དམག་འཁྲུག་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༠༢།༢༤།༢༠༢༣
AFP

འདི་ཚེས་༢༣ཉིན་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་དམག་འཁྲུག་རྒྱབ་ནས་ལོ་གཅིག་ཕྱིན་པའི་སྐབས་འདིར། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་དེ་འབྲེལ་ལངས་ཕྱོགས་ཡིག་ཆ་ཟེར་བའི་དོན་ཚན་༡༢ཅན་ཞིག་བཏོན་ཡོད་པའི་ནང་། ར་ཤེ་ཡ་(Russia)་དང་ཡུཀ་རེན་(Ukraine)་བར་གྱི་དམག་འཁྲུག་མཚམས་འཇོག་བྱས་ནས་ཡང་བསྐྱར་གྲོས་མོལ་བྱེད་དགོས་ཚུལ་བཤད་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་དེའི་ནང་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་ཐད་སྐྱོན་བརྗོད་གང་ཡང་བྱས་མེད་པ་རེད། གནད་དོན་དབྱེ་ཞིིབ་པས། གལ་སྲིད། ར་ཤེ་ཡས་ཡུཀ་རེན་ལ་དམག་འཐབ་ཕམ་ཉེས་དང་གྲོས་མོལ་བསྐྱར་འཛུགས་བྱེད་དགོས་བྱུང་ཚེ། རྒྱ་ནག་གིས་ཐེ་ཝན་ལ་དྲག་པོ་བེད་སྤྱོད་ཀྱིས་ལེན་ཐབས་བྱེད་རྒྱུར་ཕྱིར་བསམ་གཏོང་དགོས་པའི་གནད་དོན་ཞིག་ཆགས་སྲིད་པ་རེད་ཅེས་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་ལགས་ཀྱིས་ཐེ་ཝན་མཚོ་གླིང་གི་གནད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་ཀྱི་འཐབ་འཁྲུག་ཞིག་མིན་ལ། དེ་བཞིན་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཆགས་ཡོད་པ་རེད་ཅེས་བརྗོད་འདུག
ཡུཀ་རེན་གྱི་སྲིད་འཛིན་གྱིས། རྒྱ་ནག་གཞུང་གིས་ར་ཤེ་ཡ་དང་ཡུཀ་རེན་བར་ཀྱི་དམག་འཁྲུག་སྐོར་ལ་ཆབ་སྲིད་དཀའ་རྙོག་སེལ་ཐབས་ཀྱི་གྲོས་གཞི་བསམ་ཚུལ་ཞེས་པ་བཏོན་ཡོད་པའི་
གནས་ཚུལ་གོ་ཡོད་ནའང་། འབྲེལ་ཡོད་ཡིག་ཆ་ད་དུང་ལྟ་རྒྱུ་རག་མེད་པ་དང་། རིང་མིན་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་བལྟས་ཟིན་རྗེས་དེའི་ནང་དོན་མཇུག་བསྡོམས་ཞིག་རྒྱག་ཐུབ་རྒྱུ་རེད་ཅེས་བརྗོད་པ་དང་མཉམ། ང་ཚོ་རྒྱ་ནག་དང་གྲོས་མོལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བརྗོད་གནང་བ་དང་། ཕྱོགས་མཚུངས་ཁྱོན་ཡོངས་ནས་བལྟས་ན། རྒྱ་ནག་གིས་ཡུཀ་རེན་གྱི་སྐོར་གླེང་མོལ་གྱིས་བརྡ་ལན་འདྲ་བཏོན་བཞིན་པ་དེ་ནི་དོན་དག་ཡག་པོ་རེད་བསམ་ཀྱི་ཡོད་ཅེས་དགོངས་ཚུལ་བརྗོད་འདུག
རོའུ་ཊར་གསར་འགྱུར་ལས་ཁང་གི་གནས་ཚུལ་ལྟར་ན། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གྱིས་སྤྱི་ཚེས༢༤ཉིན་གསུངས་དོན། རྒྱ་ནག་གི་དམག་དཔུང་གིས་ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་ཉམས་མྱོང་ལ་གཞིགས་ནས། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ངེས་པར་དུ་དུས་ཐུང་ནང་ལེན་ཐབས་བསམ་བློ་གཏོང་གི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དམིགས་འབེན་དེ་མངོན་འགྱུར་ཡོང་རྒྱུར་དཀའ་ངལ་ཆེ་བ་འཕྲད་རྒྱུ་ཡིན་པ་གསུངས་ཡོད་འདུག
གཞན་ཡང་ར་ཤེ་ཡས་ཡུཀ་རེན་ནང་དྲག་པོའི་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཉིན་དང་བསྟུན། དམག་འཁྲུག་མཚམས་འཇོག་ཡོངས་ཐབས་སུ་རེས་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་འོས་བསྡུ་བྱེད་སྐབས། ཚོགས་མི་རྒྱལ་ཁབ་༡༩༣་ཡོད་པའི་ཁོངས་ནས་རྒྱལ་ཁབ་༡༤༡གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ར་ཤེ་ཡ་དང་བྱང་ཀོ་རི་ཡ། (Belarus)་གཙོས་པའི་རྒྱལ་ཁབ་བདུན་གྱིས་ངོ་རྒོལ་དང་རྒྱ་ནག་དང་རྒྱ་གར་གཉིས་ཐེ་བའི་རྒྱལ་ཁབ་༣༢་བར་གནས་སུ་བསྡད་ཡོད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎