ར་ཤེ་ཡས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་རྒྱལ་ཁབ་གཞན་གྱི་ལས་དོན་སྒྲུབ་མཁན་གྱི་གྲས་སུ་མིང་འདོན་བྱས་འདུག

2023.01.30
ར་ཤེ་ཡས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་རྒྱལ་ཁབ་གཞན་གྱི་ལས་དོན་སྒྲུབ་མཁན་གྱི་གྲས་སུ་མིང་འདོན་བྱས་འདུག ཏེ་ལོ་རིན་པོ་ཆེ་དང་ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་གཉིས། ༠༦།༡༧།༢༠༠༥
AFP

ཉེ་ལམ་སྤྱི་ཟླ་༡པོའི་ཚེས་༢༧ཉིན་ར་ཤེ་ཡའི་ཁྲིམས་འཛིན་ལྷན་ཁང་གིས། ད་ལྟའི་རུ་སོག་སྐུ་ཚབ་དོན་གཅོད་དང་ར་ཤེ་ཡའི་མངའ་ཁོངས་སུ་ཆགས་པའི་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་བླ་ཏེ་ལོ་རིན་པོ་ཆེ་ར་ཤེ་ཡའི་ནང་གནས་སྡོད་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་མི་ཁོངས་སུ་མིང་འདོན་བྱས་འདུག
དེའི་ཐད་ཏེ་ལོ་རིན་པོ་ཆེ་ཡིས། དེ་ནི་དེ་སྔོན་གསར་འགོད་པ་ཁག་ཅིག་གི་བཅར་འདྲིའི་སྐབས། ཡུཀ་རེན་མི་མང་གི་འཐབ་རྩོད་ནི་སོ་སོའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། སོ་སོའི་ལུང་བའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པས། ར་ཤེ་ཡས་ཡུཀ་རེན་ནང་དམག་རྒྱབ་པར་ངས་རྒྱབ་སྐྱོར་བྱེད་ཐུབ་གྱི་མེད་པ་སོགས། ཡུཀ་རེན་(Ukriane)་མི་མང་གི་རང་དབང་དང་འབྲེལ་བའི་གནད་དོན་ཐོག་སྐད་ཆ་བཤད་པར་བརྟེན་ར་ཤེ་ཡའི་ཕྱོགས་ནས་ད་ཐེངས་རྒྱལ་ཁབ་གཞན་གྱི་ལས་དོན་སྒྲུབ་མཁན་གྱི་གྲས་སུ་མིང་འདོན་བྱས་བ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
ད་ལྟའི་ཆར་ཏེ་ལོ་རིན་པོ་ཆེ་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་བླ་ནས་དགོངས་པ་ཞུས་འདུག་པ་དང་། ཁོང་གིས་ཚབ་དུ་ཀལ་མིག་དགེ་ལྡན་ཤེས་སྒྲུབ་ཆོས་འཁོར་གླིང་གི་མཁན་པོ་དགེ་བཤེས་བསྟན་འཛིན་ཆོས་གྲགས་ལགས་དང་། (Sergei Kirishov)་རྣམ་གཉིས་གནས་སྐབས་རིང་བསྐོ་བཞག་གནང་ཡོད་འདུག ཡིན་ན་ཡང་། རུ་སོག་སྐུ་ཚབ་དོན་ཁང་གི་འཛིན་སྐྱོང་དང་ལས་དོན་བྱེད་ཕྱོགས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་པའི་ཁར། དོན་གཅོད་ཁང་གི་ངོས་ནས་ལས་དོན་ཁག་སྔར་རྒྱུན་བཞིན་བསྒྲུབ་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ར་ཤེ་ཡའི་ཁྲིམས་འཛིན་ལྷན་ཁང་ནས་ར་ཤེ་ཡའི་ནང་གི་མི་ལྔ་རྒྱལ་ཁབ་གཞན་གྱི་ལས་དོན་སྒྲུབ་མཁན་(Foreign Agent)་གྱི་ཁོངས་སུ་བཅུག་ཡོད་པའི་ནང་། ར་ཤེ་ཡའི་ནང་གི་གསར་འགོད་པ་དང་། གཞས་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་སྤེལ་མཁན། དེ་བཞིན་དམག་འཁྲུག་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་མཁན་སོགས་ཡོད་འདུག་ཅིང་། ཏེ་ལོ་རིན་པོ་ཆེས། ཁོང་མིང་ཐོག་དེའི་ནང་བཅུག་པར་སྤོབས་པ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༢པའི་ནང་། ར་ཤེ་ཡ་དང་ཡུཀ་རེན་བར་དམག་འཁྲུག་བྱུང་བ་ནས་བཟུང་། དམག་འཁྲུག་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་དང་། ད་དུང་ར་ཤེ་ཡས་ཡུཀ་རེན་ལ་དམག་བརྒྱབས་པ་རེད་ཅེས་བརྗོད་མཁན་ཚོ་ནི་ལོ་བཅུ་ནས་བཅོ་ལྔའི་བར་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་ར་ཤེ་ཡ་གཞུང་གིས་ཐག་གཅོད་བྱས་ཡོད་པ་དང་། གཞུང་གི་ངོས་ནས་དམག་འཁྲུག་དེ་ལ་དམིགས་བསལ་ལས་འགུལ་(Special operation)་ཞེས་བརྗོད་ཀྱི་ཡོད་པ་ཏེ་ལོ་རིན་པོ་ཆེས་འགྲེལ་བརྗོད་གནང་བྱུང་།
༢༠༢༢ལོའི་སྤྱི་ཟླ་༤པའི་ནང་ཏེ་ལོ་རིན་པོ་ཆེ་སོག་ཡུལ་དུ་གནས་སྤོས་བྱས་ནས་སོག་ཡུལ་དུ་རུ་སོག་སྐུ་ཚབ་དོན་ཁང་གི་ཕྱག་ལས་གནང་བཞིན་ཡོད་འདུག་ལ། ད་ལྟའི་ཆར་མུ་མཐུད་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་མུས་ཡིན་པའི་ཁར། སྤྱི་ཟླ་༡པོའི་ཚེས་༣༠ཉིན་ཁོང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ལྷན་དུ་གོང་ཞུས་གནད་དོན་ཐོག་གོ་བསྡུར་ཞུས་ཏེ། བཀའ་ཤག་གི་ལམ་སྟོན་གཞིར་བཟུང་ཐག་གཅོད་གནང་རྒྱུ་ཡིན་པ་ཁོང་གིས་འགྲེལ་བརྗོད་གནང་བྱུང་།
ཏེ་ལོ་རིན་པོ་ཆེ་ནི་སྤྱི་ལོ་༢༠༡༤ལོར་སྐབས་དེའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་པ་དང་། ཁོང་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་བླ་ལ་བཞུགས་པ་ནས་བཟུང་། ཀལ་མིག་གི་ནང་དུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཀལ་མིག་ཕྱོགས་ནས་གྲྭ་བརྒྱུད་མང་དུ་ཕེབས་ཡ་ལ་སོགས་པ་ནང་པའི་བསྟན་པ་ལ་ཞབས་འདེགས་ཞུས་ཡོད་པ་དང་། དེ་སྔོན་ཁོང་གིས་ལོ་མང་རིང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ནང་ཆོས་ལ་སློབ་གཉེར་གནང་ཡོད་པ་དང་། གཞི་རྩ་ཆ་ནས་ཁོང་ཨ་མི་རི་ཀའི་མི་སེར་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎