ཨ་རིས་དུས་གཅིག་ལ་དམག་འཁྲུག་གཉིས་འབྱུང་སྲིད་པར་གྲ་སྒྲིག་དགོས་སྐོར་གྲོས་ཚོགས་ཀྱིས་སྙན་ཐོ་བཏོན་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱིས་བསྐོས་པའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་འཐབ་ཇུས་གནས་བབ་ཚོགས་ཆུང་གིས་སྙན་ཐོ་བཏོན་པའི་ནང་། ཨ་མ་རི་ཀས་ངེས་པར་དུ་རྒྱུན་ལྡན་གྱི་ནུས་པ་རྒྱ་བསྐྱེད་དང་མཐུན་གྲོགས་བར་གྱི་འབྲེལ་བ་ཇེ་དམ། རྡུལ་ཕྲན་མཚོན་ཆ་དེང་རབས་ཅན་ལ་བསྒྱུར་ནས། ར་ཤེ་ཡ་དང་རྒྱ་ནག་ལ་མ་འོངས་དམག་འཁྲུག་འབྱུང་སྲིད་པར་གྲ་སྒྲིག་བྱེད་དགོས་ཞེས་གསལ་བརྡ་བརྒྱབས་ཡོད་འདུག
སྙན་ཐོ་དེ་བཏོན་སྐབས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཐེ་ཝན་སོགས་ལ་རྐྱེན་བྱས་ཏེ་ཡག་པོ་མེད་པའི་སྐབས་ཤིག་ཡིན་པ་དང་། དེ་བཞིན་དུ་ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་སྟབས་འགལ་ཟླ་ཆེ་ཇེར་འགྲོ་བཞིན་པའི་སྒང་ཡིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། སྙན་ཐོ་དེའི་ནང་ཞུགས་པའི་མཐོ་རིམ་དཔོན་རིགས་ཤིག་གིས་ར་ཤེ་ཡ་དང་རྒྱ་ནག་མཐའ་མཇུག་གཞི་གཅིག་ལ་བབས་ནས་ང་ཚོ་དམག་འཁྲུག་གཉིས་ཀྱི་ནང་ལྷུང་སྲིད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག
ད་དུང་སྙན་ཐོ་དེ་སྤེལ་བའི་སྐབས་སུ། ཨ་རིའི་རྡུལ་ཕྲན་མཚོན་ཆ་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་བ་ཁེད་ཀྱིས་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱིས་མི་རྣམས་ལ་གསལ་བཤད་བྱེད་དགོས་ཞིག་ལ། རྒྱལ་སྲུང་གི་འགྲོ་གྲོན་ཇེ་ཆེར་བཏང་བ་ནི་རྒྱ་ནག་དང་ར་ཤེ་ཡར་རྡུལ་ཕྲན་དམག་འཁྲུག་མི་འབྱུང་རྒྱུའི་ཆེད་དུ་བཏང་བའི་རིན་དོན་ཆུང་ཤོས་དེ་ཡིན་ཞེས་བཤད་འདུག
འཐབ་ཇུས་གནས་བབ་ཚོགས་ཆུང་གིས་ཨ་རི་དང་མཐུན་གྲོགས་ཚོས་དུས་གཅིག་ཏུ་དམག་འཁྲུག་གཉིས་ལས་རྒྱལ་ཐུབ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་དགོས། ཨ་རིས་དབུ་ཁྲིད་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རིན་ཐང་གི་ལྟ་བ་ལ་སྒེར་གཅོད་སྲིད་དབང་རྒྱ་ནག་དང་ར་ཤེ་ཡའི་གནོད་འཚེ་ཐེབས་བཞིན་ཡོད་ཅེས་ཉེན་བརྡ་བརྒྱབས་འདུག
ཕྱི་ལོ་༢༠༢༢ལོར་ཨ་རིའི་གྲོས་ཚོགས་ཀྱིས་དམངས་གཙོ་ཚོགས་པའི་འཐུས་མི་དྲུག་དང་སྤྱི་མཐུན་ཚོགས་པའི་འཐུས་མི་དྲུག་གིས་གྲུབ་པའི་ཚོགས་ཆུང་དེ་བཙུགས་ནས་དུས་ཡུན་རིང་པོར་ཨ་རི་ལ་འཇིགས་སྐུལ་གང་ཡོད་ཞིབ་དཔྱད་བྱས་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།