ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་སྐབས་ཨ་རིས་མཐོ་རིམ་སྐུ་ཚབ་ཐེ་ཝན་ལ་གཏོང་བཞིན་པ།

2022.02.28
ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་སྐབས་ཨ་རིས་མཐོ་རིམ་སྐུ་ཚབ་ཐེ་ཝན་ལ་གཏོང་བཞིན་པ། ཨ་རི་དང་ཐེ་ཝན་གྱི་རྒྱལ་དར།
Reuters

དེ་ཡང་རོའི་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་འདི་ཚེས་༢༨་ཉིན་མཐོ་རིམ་བདེ་སྲུང་དཔོན་རིགས་ཟུར་པ་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་གཏོང་རྒྱུ་ཡིན་པ་དང་། དེ་ནི་ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་ཕྱོགས་ནས་ཀྱང་གླིང་ཕྲན་དེ་རྒྱ་ནག་གི་བདག་དབང་འོག་ཡིན་པའི་ཐོབ་ཐང་རྩོད་བཞིན་པར་བརྟེན་ཐེ་ཝན་ལ་རྒྱབ་སྐྱོར་ཆེད་ཡིན་པ་ཨ་རིའི་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཞིག་གིས་གསུངས་འདུག
གཞན་ཕྱི་ཚེས་༢༨་རེས་གཟའ་ཟླ་བའི་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་སྐོང་འཚོགས་གནང་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཐོག ཨུ་རུ་སུས་ཡུའུ་ཁུ་རན་(Ukraine)་ནང་བཙན་འཛུལ་བྱེད་བཞིན་པའི་ཨུ་རུ་སུའི་དམག་མིའི་བྱ་སྤྱོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་བ་ཡུའུ་ཁུ་རེན་གྱི་སྐུ་ཚབ་ཀྱིས་འབོད་སྐུལ་གནང་བ་བཞིན་ལྷན་ཚོགས་དེའི་ཐོག་གླེང་གནང་རྒྱུ་བྱས་འདུག
ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་མཁན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གྲས་ནས། ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་༢༧་ཡིས་(Ukraine)་གྱི་སྐུ་ཚབ་ཀྱིས་བཏོན་གནང་བའི་དགོངས་འཆར་ལ་རྒྱབ་སྐྱོར་གནང་ཡོད་པ་དང་། རྒྱ་ནག་དང། ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་ལྔ་ཡིས་དེར་ངོས་ལེན་བྱས་མེད་པ་རེད་འདུག་ལ་དེ་བཞིན་ཨུ་རུ་སུའི་སྐུ་ཚབ་(Gennady Gatilov)་ཡིས་བསྐྱར་དུ་འོས་འཕེན་དགོས་པའི་འབོད་སྐུལ་ཞུས་པའི་རྗེས་ཚོགས་མི་རྒྱལ་ཁབ་ཁག་༡༣་བར་གནས་སུ་བསྡད་ཡོད་པ་རེད།
ཡུའུ་ཁུ་རེན་གྱི་གནད་དོན་ཐད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༨་ཉིན། ངོས་ནས་ཡུའུ་ཁུ་རེན་ནང་ཞི་བདེ་མགྱོགས་མྱུར་སླར་གསོ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། རྩོད་རྙོག་དང་ཕན་ཚུན་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་ཡག་ཤོས་ནི་གྲོས་མོལ་ཡིན་པ་དང་། དོན་དམ་པའི་ཞི་བདེ་ནི། ཕྱོགས་གཉིས་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་གྱི་འཚོ་གནས་བདེ་ཐབས་ལ་གུས་བརྩི་བྱས་པར་བརྟེན་ནས་བྱུང་བ་ཡིན། དུས་རབས་༢༠་པ་ནི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་གིས་འདས་ན་ཡང་། དུས་རབས་ཉེར་གཅིག་པ་འདི་བཞིན་ངེས་པར་དུ་ཕན་ཚུན་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་པས། ང་ཚོས་རེ་བ་གཏན་ནས་བརླག་མི་ཉན་ཞེས་བཀའ་བསྩལ་ཡོད་པ་རེད།
ཇི་ནི་ཝའི་ནང་ཡོད་པའི་(Ukraine)་སྐུ་ཚབ་(Filipenko)་ཡིས་ལྷན་ཚོགས་འགོ་བཙུགས་ཀྱི་ཐོག་གཏམ་བཤད་ཞིག་སྤེལ་གནང་ཡོད་པའི་ནང་། ཨུ་རུ་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་མི་ཞིག་ཡིན་པའི་ངོས་ནས་དྲང་བདེན་མེད་པའི་སྒོ་ནས་(Ukraine)་ནང་བཙན་འཛུལ་བྱས་ཡོད་པ་དེ་ནི་ཡུའུ་ཁུ་རེན་ནང་བཙན་འཛུལ་གཅིག་པུ་མ་ཡིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་རྒྱལ་ཁབ་ཚང་མའི་ནང་བཙན་འཛུལ་བྱས་པ་ཞིག་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
གཞན་ཉིན་འདི་ཚོར་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ནང་བཙན་འཛུལ་བྱས་པའི་གཏོར་རྒོལ་བྱ་སྤྱོད་ལ་བརྟེན། ཡོ་རོབ་ཡུལ་གྲུ་ཁག་ཅིག་གིས་ཨུ་རུ་སུར་དཔལ་འབྱོར་དང་། དངུལ་གཏོང་ལེན་སོགས་ཀྱི་ཉེས་ཆད་བཀལ་བ་དང་། ཡུའུ་ཁུ་རེན་ལ་དཔལ་འབྱོར་དང་གོ་མཚོན་གྱི་རོགས་རམ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་རྒྱ་ནག་གི་ཕྱོགས་ནས་དེ་ནི་ཁྲིམས་
འགལ་རེད་ཅེས་ཨུ་རུ་སུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་འདུག
གཞན་ཚེས་༢༨་ཉིན་བཙན་འཛུལ་གྱི་ཉིན་ལྔ་བར་ཕྱོགས་གཉིས་ཀྱིས་མོས་མཐུན་ལྟར། ཡུའུ་ཁུ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོ་ཡུའུ་ཁུ་རེན་གྱི་མཐའ་མཚམས་བྷེ་ལོ་རུ་སིའི་ས་མཚམས་སུ་འཛོམས་ནས་གྲོས་མོལ་བྱེད་བཞིན་ཡོང་ཀྱང་གྲོས་མོལ་གྱི་མཇུག་འབྲས་ད་དུང་ཁ་གསལ་མེད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎