ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཐེ་ཝན་ནང་གཟིགས་སྐོར་གནང་བཞིན་འདུག

2024.01.24
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཐེ་ཝན་ནང་གཟིགས་སྐོར་གནང་བཞིན་འདུག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཐེ་ཝན་ནང་གཟིགས་སྐོར་གནང་བཞིན་པ། ༠༡།༢༤།༢༠༢༤
X/MOFA_Taiwan

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་(Ami Bera)་ལགས་དང་(Mario Diaz-Balart)་ལགས་རྣམ་གཉིས་འདི་ཚེས་༢༤གཟའ་ལྷག་པའི་ཉིན་ཐེ་ཝན་ནང་འཚམས་གཟིགས་ལ་ཕེབས་འབྱོར་བྱུང་ཡོད་པ་དང་། དེ་ནི་གཙོ་བོ་ཐེ་ཝན་ནང་ཚོར་བ་རྣོ་ལ་འཁྲུག་ཆ་ཆེ་བའི་རྒྱལ་ཡོངས་འོས་བསྡུ་གནང་ཟིན་པའི་རྗེས་སུ། རང་སྲིད་རང་གིས་སྐྱོང་བཞིན་པའི་ཐེ་ཝན་ལ་ཨ་རིས་རྒྱབ་སྐྱོར་ཡོད་པ་མཚོན་ཕྱིར་ཡིན་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་གཉིས་ནི་ཨ་རིའི་གྲོས་ཚོགས་ཀྱི་ཐེ་ཝན་གནད་དོན་ཐོག་གི་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་ཡིན་པ་དང་། ཁོང་རྣམ་གཉིས་ཐེ་ཝན་ནང་ཕེབས་པ་དེ་ནི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་རྒྱལ་ཁབ་(Nauru)་ཞེས་པས་ཐེ་ཝན་དང་འབྲེལ་ཐག་བཅད་པའི་རྗེས་སུ་ཐེ་ཝན་ནང་ཨ་རིའི་དཔོན་རིགས་ཕེབས་ཐེངས་གཉིས་པ་དེ་ཡིན་འདུག
གྲོས་ཚོགས་འཐུས་མི་(Ami Bera)་ལགས་ཀྱི་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བའི་ནང་། ད་རེས་འཚམས་གཟིགས་ལ་ཕེབས་དོན་གཙོ་བོ་ནི། ཐེ་ཝན་ནང་མང་གཙོའི་ལམ་ལུགས་ཐོག་ནས་རྒྱལ་ཡོངས་འོས་བསྡུ་ལམ་ལྷོང་ལྡན་པའི་སྒོ་ནས་གནང་བར་ཨ་རིས་རྒྱབ་སྐྱོར་ཡོད་པ་ངེས་བརྟན་བཟོ་ཕྱིར་དང་། རང་དབང་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་ལ་མཉམ་སྤྱོད་གནང་བཞིན་པར་ཆིག་སྒྲིལ་ཡོད་པ་གསལ་སྟོན། ཨ་རི་དང་ཐེ་ཝན་གཉིས་བར་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཐད་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་གོ་སྐབས་འཚོལ་ཞིབ་སོགས་ཀྱི་ཆེད་དུ་ཡིན་པ་གསལ་འདུག
ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་གོང་ཞུས་གྲོས་ཚོགས་འཐུས་མི་རྣམས་ཐེ་ཝན་ནང་རྒྱལ་ཡོངས་འོས་བསྡུ་གནང་བའི་རྗེས་སུ་ཆེད་ཕེབས་གནང་སྟེ་རྒྱབ་སྐྱོར་གནང་བ་དེས། ཨ་རིའི་སྲིད་དོན་ཚོགས་པ་ཆེ་གྲས་གཉིས་ཀས་ཐེ་ཝན་དང་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བརྟན་པོ་གནང་གི་ཡོད་པའི་བཟང་ཕྱོགས་ཀྱི་བརྡ་ལན་གཏོང་གི་ཡོད་སྐོར་གསུངས་ནས་ཐུགས་རྗེ་ཆེ་ཞུའི་བསྒྲགས་གཏམ་སྤེལ་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱིས་ཐེ་ཝན་གྱི་ལས་ཐོག་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་ལགས་དང་བདམས་ཐོན་སྲིད་འཛིན་(Lai Ching-te)་ལགས། སྲིད་བློན་གཞོན་པར་བདམས་ཐོན་བྱུང་བ་(Hsiao Bi-Khim)་བཅས་དང་ལྷན་དུ་མཇལ་འཕྲད་གནང་སྟེ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་སོགས་གནད་དོན་གལ་ཆེ་མང་པོའི་ཐོག་བཀའ་བསྡུར་གནང་འཆར་འདུག།
དེའི་སྔོན་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་བྱས་ཟིན་མ་ཐག་སྤྱི་ཟླ་༡པོའི་ཚེས་༡༥ཉིན་ཨ་མི་རི་ཀས་ཐེ་ཝན་ལ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(James Steinburg)་ལགས་དང་ཨ་རིའི་རྒྱལ་སྲུང་སློབ་སྟོན་ཟུར་པ་(Stephen Hardley)་རྣམ་གཉིས་ཀྱིས་དབུ་ཁྲིད་པའི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཆེད་གཏོང་གནང་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎