ཨ་རིས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་བྱས་ཟིན་པའི་རྗེས་སུ་ཡུལ་དེར་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཆེད་གཏོང་གནང་འཆར་ཡོད་འདུག

དེ་ཡང་འདི་ཚེས་༡༡ཉིན་ཨ་རིའི་མིང་འདོན་མ་བྱས་པའི་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱལ་ས་ཝ་ཤིན་ཀྲོན་དུ་གསར་འགོད་པ་ཚོར་མཇལ་འཕྲད་གནང་བའི་སྐབས། ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་གཉེར་ཟིན་པའི་རྗེས་སུ། ཨ་རིའི་སྲིད་འཛིན་(Biden)་མཆོག་གིས། ཐེ་ཝན་གྱི་དབུ་ཁྲིད་གསར་པ་དང་ཐུགས་འཕྲད་ཀྱི་ཆེད་དུ་ཨ་རིའི་གཞུང་ཞབས་ཟུར་པ་ལས་གྲུབ་པའི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་ཆེད་གཏོང་གནང་རྒྱུ་ཡིན་ལུགས་གསུངས་པ་དང་ཆབས་ཅིག རྒྱ་ནག་གི་ངོས་ནས་ཐེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་ཀྱི་གནད་དོན་ཐད་བསམ་བློ་ག་འདྲ་ཞིག་གཏོང་གི་ཡོད་མེད་ཚང་མས་ཤེས་གསལ་རེད་ལ། རྣམ་པ་དང་ཐབས་ལམ་འདྲ་མིན་བརྒྱུད་ནས་བཙན་ཤེད་དང་སྡིག་ར་སྐུལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་རྒྱ་ནག་གི་ཕྱོགས་ནས་ཁོང་ཁྲོ་སློང་གཞིའི་དམག་དོན་གྱི་ཉེན་བརྡ་གཏོང་བའི་བྱ་སྤྱོད་རིགས་སྤེལ་ན་འགྲིག་ཀྱི་མེད་ལུགས་སོགས་ཟུར་ཟའི་ཚུལ་དུ་གསུངས་ཡོད་པ་བཅས་ལ་བརྟེན། དེ་མ་ཐག་རྒྱ་ནག་གིས་དེར་མི་འདོད་པའི་རྣམ་པས་སྐྱོན་བརྗོད་བྱས་ཡོད་པ་རྒྱ་ནག་ལྷོ་ཕྱོགས་ཕོ་ཉ་(South China Morning Post)་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Mao Ning)་ཡིས། ཨ་མི་རི་ཀས་ཐེ་ཝན་གྱི་འོས་བསྡུའི་ལས་དོན་ཐད་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་ང་ཚོའི་ངོས་ནས་འབོད་སྐུལ་ཞུས་ཡོད་ལ། ཐེ་ཝན་རང་བཙན་རྩོད་མཁན་ཁ་བྲལ་བ་ཚོར་བརྡ་ལན་ལོག་པ་སྤྲོད་རྒྱུ་མེད་པ་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་འགན་མེད་པའི་གཏམ་བཤད་མི་སྤེལ་རོགས་ཅེས་ནན་པོའི་ཐོག་ནས་འབོད་སྐུལ་ཞུས་ཡོད། རྒྱ་ནག་གི་ངོས་ནས་རྒྱལ་ཁབ་ཀྱི་ངོ་བོ་དང་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐོག་མཁས་པ་(Lu Xiang)་ཡིས། ཨ་རིས་ཐེ་ཝན་གྱི་འོས་བསྡུ་བྱས་ཟིན་པའི་རྗེས་སུ་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་རྒྱུའི་འཆར་གཞི་དེ་མངོན་ཆུང་གི་ཐོག་ནས་ཐེ་ཝན་རང་བཙན་འདོད་མཁན་ཚོར་རྒྱབ་སྐྱོར་བྱས་པ་ཞིག་མཚོན་གྱི་ཡོད་རེད་ལ་དེ་ལྟ་བུའི་བྱ་སྤྱོད་དེས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་གཞི་ཞིག་ཆགས་ཀྱི་རེད་ཅེས་དགོངས་ཚུལ་བཏོན་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།