ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་མི་དགའ་བའི་བསམ་ཚུལ་འཛིན་མཁན་ཇེ་མང་དུ་སོང་འདུག

དེ་ཡང་(Forbes)་ཞེས་པའི་དཔལ་འབྱོར་དུས་དེབ་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནང་གི་(PEW RESEARCH CENTER)་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་བསམ་ཚུལ་དང་ལྟ་སྟངས་ཐད་བསམ་ཤོག་བསྡུ་ལེན་བྱས་པའི་མཇུག་འབྲས་སུ། མི་མང་བརྒྱ་ཆ་༨༢རྒྱ་ནག་ལ་མི་དགའ་མཁན་དང་། དེའི་ཁྲོད་ཀྱི་མི་མང་བརྒྱ་ཆ་༤༠རྒྱ་ནག་ལ་ཧ་ཅང་གི་མི་དགའ་མཁན་ཡིན་འདུག དེ་ནི་དེ་སྔ་༢༠༠༥ལོར་མི་མང་བརྒྱ་ཆ་༧༦གིས་རྒྱ་ནག་ལ་མི་དགའ་བའི་བསམ་ཚུལ་བཟུང་པའི་གྲངས་ཐོའི་རྗེས་ཚད་མཐོ་ཤོས་དེ་ཡིན་པ་གསལ་བཏོན་བྱས་འདུག
གོང་གསལ་གྱི་བསམ་ཤོག་བསྡུ་ལེན་བྱས་པའི་ནང་། ར་ཤེ་ཡས་ཡུཀ་རེན་ནང་དྲག་པོའི་དཔུང་འཛུལ་བྱས་པའི་རྗེས། ར་ཤེ་ཡ་དང་རྒྱ་ནག་གཉིས་བར་མཉམ་འབྲེལ་བྱེད་ཕྱོགས་ཐད་ལ་ཨ་རིའི་ནང་མི་བཅུའི་ནང་ནས་མི་དགུས་ཕྲན་བུའི་བློ་ཚབས་བྱེད་ཀྱི་ཡོད་པ་དང་། མི་མང་བརྒྱ་ཆ་༦༢ཀྱིས་ཧ་ཅང་གི་བློ་ཚབས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་འདུག
ཡང་(PEW)་ཉམས་ཞིབ་ལྟེ་གནས་ཁང་གིས། སྤྱིར་ཨ་རིའི་ནང་རྒྱ་ནག་གཞུང་གི་ཐོག་ལ་ལྟ་སྟངས་དེ་ངན་ཕྱོགས་སུ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་རུང་། མི་མང་བརྒྱ་ཆ་༦༢ཀྱིས་རྒྱ་ནག་དེ་བཞིན་ཨ་རིར་འགྲན་རྩོད་ཀྱི་ཁ་གཏད་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བརྒྱ་ཆ་༢༥ས་དགྲ་བོར་ངོས་འཛིན་བྱེད་ཡོད་པ་དང་། ཡང་མི་མང་བརྒྱ་ཆ་༡༠འི་ཟླ་གྲོགས་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་བཏོན་བྱས་འདུག
གོང་གསལ་སྙན་ཐོ་ནང་གསལ་ལྟར་ན། ཆབ་སྲིད་ཀྱི་ལྟ་བ་འཛིན་ཕྱོགས་ཐད་ནས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་མི་དང་། སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་རང་དབང་ཅན་གྱི་མང་ཚོགས་ཁྲོད་ནས་རྒྱ་ནག་གཞུང་ལ་མི་དགའ་བའི་བསམ་ཚུལ་འཁྱེར་མཁན་བརྒྱ་ཆ་༨༩དང་། དམངས་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་མི་དང་དམངས་གཙོ་ཚོགས་པར་བློ་དད་ཡོད་པའི་རང་དབང་ཅན་གྱི་མང་ཚོགས་ཁྲོད་ནས་རྒྱ་ནག་ལ་མི་དགའ་བའི་ལྟ་ཚུལ་བཟུང་མཁན་བརྒྱ་ཆ་༧༩ཡོད་པ་གསལ་འདོན་བྱུང་འདུག
ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་སྤྱི་མཐུན་ཚོགས་པ་དང་དམངས་གཙོའི་ཚོགས་པའི་བར་རྒྱ་ནག་གི་ཐོག་ལྟ་ཚུལ་གྱི་ཁྱད་པར་གཙོ་བོ་དེ་བཞིན་དཔལ་འབྱོར་གྱི་གནད་དོན་ལ་ཐུགས་ཡོད་པ་དང་། བཟོ་ཚོང་ལས་ཁང་ཚོའི་རྒྱ་ནག་དང་ཚོང་འབྲེལ་གྱི་ལས་དོན་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ལངས་ཕྱོགས་འཁྲེགས་པོ་འཛིན་བཞིན་ཡོད་པ་ནི། དཔེར་ན། ཉེ་ཆར་གྲོས་ཚོགས་གོང་མའི་འཐུས་མི་(Marco Rubio)་གིས་(Volswagen)་སྣུམ་འཁོར་བཟོ་ཚོང་ལས་ཁང་ནས་རྒྱ་ནག་གི་(Huayou)་དང་(Tsingshan)་ཁེ་གཉེར་ལས་ཁང་གཉིས་དང་ཚོང་འབྲེལ་བྱེད་ཕྱོགས་ཐད་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དེ་ཉེན་བརྡ་བཏང་བའི་གནས་ཚུལ་ལུངས་འདྲེན་བྱས་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།