ཨ་རིས་རྒྱ་ནག་གི་གདོང་ལེན་སྒོ་ཁྲལ་ཕྱིར་འཐེན་མ་བྱས་ཚེ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༥༠ བསྣན་རྒྱུ་ཡིན་སྐོར་བརྗོད་པར། རྒྱ་ནག་གིས་དེ་ལ་མཐའ་མཇུག་བར་དུ་གདོང་ལེན་བྱ་རྒྱུ་ཡིན་པ་བརྗོད།
ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་གྱིས་ཟླ་བ་ ༠༤ ཚེས་ ༠༧ རེས་གཟའ་ཟླ་བའི་ཉིན་གལ་ཏེ་རྒྱ་ནག་གིས་ཨ་རིར་གདོང་ལེན་གྱི་སྒོ་ཁྲལ་བརྒྱ་ཆ་ ༣༤ ཕྱིར་འཐེན་མ་བྱས་ཚེ། ཁོང་གིས་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་ ༥༠ ཁ་སྣོན་འགེལ་རྒྱུ་ཡིན་སྐོར་བརྗོད་པར། རྒྱ་ནག་ཚོང་དོན་ལྷན་ཁང་གིས་བྱེད་བབ་དེ་ནི་ཨ་རིས་ནོར་འཁྲུལ་གྱི་སྒང་ལ་ནོར་འཁྲུལ་གཉིས་བརྩེགས་བྱས་པ་ཞིག་ཡིན་པ་བརྗོད་འདུག
དེ་ཡང་ཕྱི་ཟླ་ ༠༤ ཚེས་ ༢ ཉིན་ཨ་རིའི་སྲིད་གཞུང་གསར་པས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་ཁ་སྣོན་སྤར་བར་རྒྱ་ནག་གིས་དེ་ལ་གདོང་ལེན་ཆེད་ཨ་རིའི་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་ ༣༤ སྤར་རྒྱུའི་གསལ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གི་རྒྱལ་སྲིད་ལྷན་ཁང་གི་དཔྱ་ཁྲལ་སྡེ་ཚན་གྱིས། ཨ་རིའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཚོང་གི་སྒྲིག་གཞི་དང་མི་མཐུན་ཞིང་། རྒྱ་ནག་ལ་ཁྲིམས་ཐོག་ནས་ཡོད་པའི་ཐོབ་ཐང་ལ་བརྩི་བཀུར་མེད་པའི་ཐོག ཨ་རིས་སྟོབས་ཤུགས་ངོམ་ནས་བརྙས་བཅོས་བྱས་པ་རེད་ཅེས་བསྒྲགས་ཡོད།
རྒྱ་ནག་གིས་ཨ་རིར་གདོང་ལེན་གྱི་སྒོ་ཁྲལ་བརྒྱ་ཆ་ ༣༤ སྤར་བར་ཟླ་འདིའི་ཚེས་ ༧ ཉིན་ཨ་རིའི་སྲིད་འཛིན་ཊོམཔ་གྱིས་གལ་ཏེ་རྒྱ་ནག་གིས་ཨ་རིར་གདོང་ལེན་གྱི་སྒོ་ཁྲལ་ཕྱིར་འཐེན་མ་བྱས་ཚེ། རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༥༠ བསྣན་རྒྱུ་མ་ཚད། རྒྱ་ནག་གིས་རེ་སྐུལ་བྱས་པའི་ཚོགས་འདུའི་རིགས་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ། རྒྱལ་ཁབ་གཞན་ཚོས་རེ་སྐུལ་བྱས་པའི་གྲོས་མོལ་ལ་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་སྤྱི་ཚོགས་དྲྭ་རྒྱ་(Truth Social)ཐོག་བརྗོད་འདུག
གལ་ཏེ་ཨ་རིས་འཇིགས་སྐུལ་བཏང་བ་ལྟར་རྒྱ་ནག་ལ་སྒོ་ཁྲལ་སྤར་ན། རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་དེ་སྔ་ཕྱི་ཟླ་ ༣ ནང་གསལ་བསྒྲགས་བྱས་པའི་བརྒྱ་ཆ་ ༢༠ སྟེང་འདི་ཚེས་ ༢ ཉིན་གསལ་བསྒྲགས་བྱས་པའི་བརྒྱ་ཆ་ ༣༤ དང་། དེའི་སྒང་ལ་བརྒྱ་ཆ་ ༥༠ བསྡོམས་ནས་ཁྱོན་སྒོ་ཁྲལ་བརྒྱ་ཆ་ ༡༠༤ ཕོག་གི་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་ ༥༠ སྤར་རྒྱུའི་འཇིགས་སྐུལ་བཏང་བར་རྒྱ་ནག་ཚོང་དོན་ལྷན་ཁང་གིས་བསྒྲགས་གཏམ་ཞིག་བརྒྱུད། བྱེད་བབ་དེ་ནི་ཨ་རིས་ནོར་འཁྲུལ་གྱི་སྒང་ལ་ནོར་འཁྲུལ་བྱེད་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་མཐའ་མཇུག་བར་དུ་དེར་གདོང་ལེན་བྱ་རྒྱུ་ཡིན་པ་བཀོད་འདུག
ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་སྤར་བའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱལ་སྤྱིའི་མ་འཛུགས་ཁྲོམ་ར་ཉམས་རྒུད་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་གཞིར་འགྱུར་ཡོད་ལ། ལྷག་པར་ཨ་རི་དང་རྒྱ་ནག་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་ཡིན་པས། ཨ་རྒྱའི་བར་གྱི་ཚོང་དམག་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་རར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་རེད། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།