ཨ་རིས་སྒོ་ཁྲལ་འཕར་མ་སྤར་བར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་འཇིགས་སྣང་གིས་སྲིད་འཛིན་ཊོམཔ་ལྷན་ཞི་མཐུན་ཡོང་ཐབས་ལ་འབད་བཞིན་པ།

2025.04.03
ཨ་རིས་སྒོ་ཁྲལ་འཕར་མ་སྤར་བར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་འཇིགས་སྣང་གིས་སྲིད་འཛིན་ཊོམཔ་ལྷན་ཞི་མཐུན་ཡོང་ཐབས་ལ་འབད་བཞིན་པ། སྲིད་འཛིན་ཊམཔ་གྱིས་སྒོ་ཁྲལ་དང་འབྲེལ་བའི་འཛིན་སྐྱོང་བཀའ་ཁྱབ་སྟོན་བཞིན་པ། ༢༠༢༥།༠༤།༠༢
Reuters

གནས་ཚུལ་རྒྱས་ལ་ཨིན་སྐད་ཐོག་གཟིགས་འཐུས། 

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་གྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་ཚོང་ཁྲལ་གསར་པ་དེས་ཚོང་ལས་ཕྱིར་འདྲེན་ལ་བརྟེན་མཁན་ཨེ་ཤེ་ཡའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོར་དོ་ཕོག་ཆེ་བ་ཐེབས་ཉེན་ཡོད་པ་རེད།

དེ་ཡང་ཨ་རིའི་སྲིད་གཞུང་གསར་པས་ཟླ་འདིའི་ཚེས་ ༠༢ རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་བྱས་པའི་སྒོ་ཁྲལ་དེས་དམིགས་བསལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚོར་དོ་ཕོག་ཆེ་བ་ཐེབས་ཉེན་ཆེ་ཞིང་། སྒོ་ཁྲལ་དེ་དག་ནི་ཨ་རིའི་ནང་དངོས་ཟོག་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཚོས་སྤྲོད་དགོས་ཀྱི་ཡོད་ལ། དེ་ལ་བརྟེན་ནས་ཨ་རི་ནང་ཆ་དངོས་རིན་ཐང་འཕར་བ་དང་། ཨ་རིར་ཕྱིར་ཚོང་རྒྱག་མཁན་རྒྱལ་ཁབ་ཚོའི་ཡོང་བབ་ཉུང་དུ་འགྲོ་སྲིད་པ་སོགས་ཀྱི་མཇུག་འབྲས་འོང་སྲིད་པ་ཡིན།

རྒྱ་ནག་ནི་ཨ་རིའི་རྗེས་ཀྱི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་། དེ་སྔ་ཨ་རིའི་སྲིད་འཛིན་ཊམཔ་གྱིས་རྒྱ་ནག་གིས་ཨ་རིའི་ཚོང་ཟོག་མང་བ་ཉོ་དགོས་པ་དང་། ཉེན་ཚབས་ཆེ་བའི་སྨྱོ་རྫས་ཕེན་ཊ་ནིལ་ (Fentanyl) བཀག་འགོག་དང་འབྲེལ་སྒོ་ཁྲལ་བརྒྱ་ཆ་ ༢༠ བཀལ་བའི་སྟེང་། རེས་གཟའ་ལྷག་པའི་ཉིན་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༣༤ བཀལ་ཡོད།

ཨ་རིའི་སྒོ་ཁྲལ་འཕར་མ་སྤར་བ་དང་རྒྱ་ནག་གི་ཚོང་དོན་བློན་ཆེན་གྱིས་རེས་གཟའ་ཕུར་བུའི་ཉིན། "རྒྱ་ནག་གིས་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་སྔར་བཞིན་ལན་འདེབས་ཀྱི་ཐབས་ལམ་ལག་བསྟར་བྱ་རྒྱུ་ཡིན།" ཞེས་ཨ་རིའི་སྲིད་འཛིན་ཊོམཔ་གྱིས་བརྙས་བཅོས་དང་གནོད་སྐྱོན་གཏང་རྒྱུའི་ཐབས་ལམ་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

ཚོང་ལས་གུ་ཡངས་གཏང་རྒྱུའི་སྒོ་ཁྲལ་སྲིད་བྱུས་འདི་ནི་ཨ་རིའི་བཟོ་ལས་སླར་གསོ་ཡོང་བར་དམིགས་པ་ཞིག་ཡིན་ཞིང་། ཨ་རིའི་བཟོ་ལས་འཛམ་གླིང་ཡོངས་ཀྱི་ཚོང་དོན་རང་དབང་དང་། བཟོ་སྐྲུན་རིན་གོང་ཉུང་བའི་རྒྱལ་ཁབ་ཁག་ནས་བཟོ་སྐྲུན་བྱེད་པའི་ཚོང་ཟོག་འགྲན་རྩོད་ཀྱི་འོག ལོ་བཅུ་ཕྲག་མང་པོའི་རིང་ནས་ཉམས་རྒུད་འགྲོ་བཞིན་ཡོད།

དེ་ལྟ་བུའི་འགྱུར་བ་ཞིག་ཡོང་བར་ལོ་མང་འགོར་སྲིད་པ་ཡིན།  གང་ཡིན་ཞེ་ན། ཨ་རིའི་ཚོང་ལས་སྒྲིག་འཛུགས་མང་པོས་ཕྱི་རྒྱལ་དུ་བཟོ་སྐྲུན་ཐོག་མ་རྩ་ཆེན་པོ་བཙུགས་ཟིན་ཡོད་ལ། ལྷག་པར་ཨ་རིའི་བཟོ་ལས་ཁག་ཀྱང་ས་ཁུལ་གཞན་ལྟར་རྒྱལ་ཁབ་གཞན་དུ་བཟོ་སྐྲུན་བྱས་པའི་དངོས་རྫས་ལ་བརྟེན་དགོས་ཀྱི་ཡོད་པ་རེད།

དེ་ལྟར་ཨ་རི་སྲིད་གཞུང་གསར་པས་རྒྱ་གར་ལའང་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༢༧ བཀལ་ཡོད་པ་དང་། དེ་དང་འབྲེལ་ཏེ་རྒྱ་གར་ཚོང་དོན་ལྷན་ཁང་གིས་རྒྱ་གར་ངོས་ནས་ཨ་རི་དང་འབྲེལ་མོལ་མུ་མཐུད་བྱ་རྒྱུ་དང་། མ་ཟད་ཨ་རིའི་ཚོང་འབྲེལ་སྲིད་བྱུས་གསར་པའི་འོག་གོ་སྐབས་གང་ཡོད་རྟོག་ཞིབ་བྱེད་ཀྱི་ཡོད་པ་བརྗོད་འདུག

དེ་ཡང་རྒྱ་གར་ཚོང་དོན་ལྷན་ཁང་གི་བསྒྲགས་གཏམ་ནང་། “རྒྱ་གར་ཡར་ཐོན་ཅན་གྱི་རྒྱལ་ཁབ་(Viksit Bharat) ཏུ་བསྒྱུར་རྒྱུའི་འཆར་སྣང་ལ་གཞིགས་ཏེ། ཚོང་དོན་ལྷན་ཁང་ངོས་ནས་རྒྱ་གར་གྱི་བཟོ་ལས་དང་། ཕྱིར་ཚོང་རྒྱག་མཁན་སོགས་འབྲེལ་ཡོད་རྣམས་དང་འབྲེལ་མོལ་གྱིས་སྡེ་ཚན་སོ་སོའི་སྒོ་ཁྲལ་དང་། གནས་སྟངས་ལ་དཔྱད་ཞིབ་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད། དེ་མ་ཟད་ལྷན་ཁང་གིས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་གསར་པ་འདིའི་འོག་གོ་སྐབས་ཇི་ཡོད་ལའང་རྟོག་ཞིབ་བྱེད་བཞིན་ཡོད། ཅེས་བཀོད་འདུག

གཞན་ཡང་བསྒྲགས་གཏམ་ནང་དུ་རྒྱ་གར་དང་ཨ་རིའི་ཚོང་འབྲེལ་འཐུས་མི་ཚོགས་པའི་དབར། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཚོང་ལས་སྡེ་ཚན་མང་པོ་ཚུད་པའི་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་གྲོས་མཐུན་ཞིག་གང་མགྱོགས་མཐའ་སྐྱེལ་ཡོང་ཐབས་སུ་གྲོས་མོལ་མུ་མཐུད་འགྲོ་བཞིན་ཡོད་པ་དང་། དེའི་ནང་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོད་པའི་ཚོང་གི་རྒྱུད་ལམ་སྟབས་བདེ་རུ་གཏང་རྒྱུ་མཚོན་པའི་གནད་དོན་མང་པོ་འཚུད་ཡོད་སྐོར་འཁོད་འདུག་པ་མ་ཟད།  ད་ལྟའི་གྲོས་མོལ་འདི་རྒྱལ་ཁབ་གཉིས་ཀའི་ཚོང་འབྲེལ་དང་། མ་འཛུགས། འཕྲུལ་རིག་སྤོ་སྒྱུར་གོང་འཕེལ་གཏང་རྒྱུར་གཙོ་བོ་དམིགས་ཞིག་ཡིན་པ་མ་ཟད། རྒྱ་གར་གཞུང་ནས་ཊམཔ་སྲིད་གཞུང་ལྷན་དུ་འབྲེལ་མོལ་གྱིས་ཡོང་འགྱུར་གནད་དོན་དེ་དག་མདུན་སྐྱོད་ཐུབ་པའི་རེ་བ་ཡོད་སྐོར་གསལ་འདུག

ཨ་རིར་རྒྱ་གར་དང་མཉམ་དུ་ཚོང་འབྲེལ་ཐད་ཨ་སྒོར་ཐེར་འབུམ་ ༤༦ ཡི་ཚོང་འབྲེལ་ཆད་ཟད་ (Trade Deficit) གྱི་བར་ཁྱད་ཡོད་པ་རེད།

སྤྱིར་ཨ་རིའི་སྲིད་གཞུང་གསར་པའི་ཚོང་འབྲེལ་སྲིད་བྱུས་གསར་པའི་འོག་འགོ་ཁྲལ་འཕར་མ་སྤར་བ་དེ་ལ་བརྟེན་ནས་འཛམ་གླིང་སྤྱིའི་ཚོང་འབྲེལ་ལ་འགྱུར་བ་ཆེན་པོ་ཐེབས་སྲིད་ཅིང་། ལྷག་པར་དུ་ཨེ་ཤེ་ཡའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དོ་ཕོག་ཆེ་བ་ཐེབས་ཉེན་ཡོད་པ་རེད། ། 

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎