རྒྱ་ནག་གིས་ཨ་རིར་འཁོན་ལན་གྱི་སྒོ་ཁྲལ་བརྒྱ་ཆ་ ༣༤ འཕར་མ་བཀལ།
ཨ་རི་སྲིད་གཞུང་གིས་ཉེ་ཆར་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༣༤ དགལ་རྒྱུའི་གསལ་བསྒྲགས་བྱས་པར། རྒྱ་ནག་གཞུང་གིས་ཚོང་དམག་གི་མེ་ལ་མར་བླུག་པ་བཞིན། ཟླ་འདིའི་ཚེས་ ༡༠ ནས་ཨ་རི་ནས་རྒྱ་ནག་ཏུ་ནང་འདྲེན་བྱེད་པའི་ཅ་དངོས་ཡོངས་ལ་སྒོ་ཁྲལ་བརྒྱ་ཆ་ ༣༤ འཕར་མ་སྤར་རྒྱུ་ཡིན་པ་བསྒྲགས་འདུག
དེ་ཡང་ཚེས་ ༢ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་གྱི་སྲིད་གཞུང་གིས་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་སྤར་བའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་ལ་དེ་སྔ་ཕྱི་ཟླ་ ༢ ནང་སྒོ་ཁྲལ་ ༢༠ བར་སྤར་ཡོད་པའི་སྟེང་། ད་ཆ་བརྒྱ་ཆ་ ༣༤ ཁ་སྣོན་གྱིས་ཁྱོན་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་པའི་ཚོང་ཟོག་ཡོངས་ལ་སྒོ་ཁྲལ་བརྒྱ་ཆ་ ༥༤ འདི་ཚེས་ ༩ ནས་དགལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པའི་རྐྱེན་གྱིས་འཛམ་གླིང་གང་སར་མ་རྩའི་ཁྲོམ་རར་ཤུགས་རྐྱེན་ཐེབས་པས་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་དུས་སྐབས་ (recession period) ནང་ལྷུང་སྲིད་པར་གྱུར་ཡོད།
ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་བའི་ཡ་ལན་དུ་འདི་ཚེས་ ༤ རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་སྲིད་ལྷན་ཁང་གི་དཔྱ་ཁྲལ་སྡེ་ཚན་གྱིས། ཨ་རིའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཚོང་གི་སྒྲིག་གཞི་དང་མི་མཐུན་ཞིང་། རྒྱ་ནག་ལ་ཁྲིམས་ཐོག་ནས་ཡོད་པའི་ཐོབ་ཐང་ལ་བརྩི་བཀུར་མེད་པའི་ཐོག ཨ་རིས་སྟོབས་ཤུགས་ངོམ་ནས་བརྙས་བཅོས་བྱས་པ་རེད་ཅེས་བསྒྲགས་ཡོད། རྒྱ་ནག་ནི་ཨ་རི་རྗེས་ཀྱི་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་དེ་ཡིན་པས། ཡ་ལན་གྱི་སྒོ་ཁྲལ་སྤར་བ་དེས་མ་རྩའི་ཁྲོམ་རར་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་ཉེན་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་གྱི་ཨ་རིས་སྒོ་ཁྲལ་འཕར་མ་དགལ་རྒྱུའི་གསལ་བསྒྲགས་དེས་དམིགས་བསལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚོར་དོ་ཕོག་ཆེ་བ་ཐེབས་ཉེན་ཡོད་ལ། སྒོ་ཁྲལ་དེ་དག་ནི་ཨ་རིའི་ནང་དངོས་ཟོག་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཚོས་སྤྲོད་དགོས་ཀྱི་ཡོད་ལ། དེ་ལ་བརྟེན་ནས་ཨ་རི་ནང་ཆ་དངོས་རིན་ཐང་འཕར་བ་དང་། ཨ་རིར་ཕྱིར་ཚོང་རྒྱག་མཁན་རྒྱལ་ཁབ་ཚོའི་ཡོང་བབ་ཉུང་དུ་འགྲོ་སྲིད་པ་སོགས་ཀྱི་མཇུག་འབྲས་འོང་སྲིད་པ་ཡིན།
རྩ་བའི་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་འགྲོ་བཞིན་ཡོད་ལ། དེ་སྔ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཁང་(International Monetary Fund)གི་ཉམས་ཞིབ་ལ་གཞིགས་ན། ཕྱི་ལོ་ ༡༩༩༠ ནས་ལོ་བཅུ་ཕྲག་གསུམ་ལྷག་རིང་རྒྱ་ནག་གི་དཔལ་འབྱོར་རྒྱུན་མཐུད་ནས་ཡར་རྒྱས་ཕྱིན་ཡོད་ཀྱང་འདས་པའི་ལོ་ཤས་ནང་དཔལ་འབྱོར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག་ལ། ཊམཔ་སྲིད་གཞུང་གིས་སྒོ་ཁྲལ་དང་ཚོང་འབྲེལ་སྲིད་བྱུང་མཁྲགས་སུ་བཏང་བ་དེས་གནས་སྟངས་ཇེ་སྡུག་བཏང་ཡོད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།