ཤིན་ཅང་ཟེ་འབོད་པའི་ནང་གི་མི་མང་པོ་ཉེན་གཡོལ་དུ་འགྲོ་བ།

ཤིན་ཅང་རྒྱལ་ས་ནང་གི་མི་དམངས་སྟོང་ཕྲག་མང་པོ་འགྲུལ་སྐྱེལ་མོ་ཊ་སྦ་སེ་དང་མེ་འཁོར་ནང་འཚང་ཁ་ཤིག་ཤིག་གིས་ཉེན་གཡོལ་དུ་བསྐྱོད་བཞིན།

2009.07.10

༄༅༎ད་རེས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཤིན་ཅང་ཟེ་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཁ་ཆེ་གྲངས་ཉུང་མི་རིགས་དང་རྒྱ་ཧན་མི་རིགས་བར་དྲག་པོའི་ཟང་ཟིང་གི་དོན་རྐྱེན་བྱུང་བར་བརྟེན་ནས་དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་ས་ནང་གི་མི་དམངས་སྟོང་ཕྲག་མང་པོ་འགྲུལ་སྐྱེལ་མོ་ཊ་སྦ་སེ་དང་མེ་འཁོར་ནང་འཚང་ཁ་ཤིག་ཤིག་གིས་ཉེན་གཡོལ་དུ་བསྐྱོད་བཞིན་ཡོད་པ་རེད།

ས་གནས་ཀྱི་དཔོན་རིགས་ཀྱིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པར་གཞིགས་ན་གཞུང་ཕྱོགས་ནས་རྒྱལ་ས་ཨུ་རུམ་ཆི་ནས་ཕྱི་ཕྱོགས་སུ་འགྲིམས་འགྲུལ་བྱེད་མཁན་གྱི་འགྲུལ་སྐྱེལ་མོ་ཊ་སྦ་སེ་འཕར་སྣོན་བྱས་ཡོད་པའི་འགྲེལ་བརྗོད་བྱས་པ་དང་ས་གནས་དེའི་ནང་གནས་སྡོད་བྱེད་མཁན་གྱི་ངོས་ནས་ཀྱང་འདིར་སྡོད་པར་སྲོག་ལ་ཉེན་ཁ་ཡོད་པའི་འཇིགས་སྣང་འོག་ཉེན་གཡོལ་དུ་འགྲོ་རྒྱུ་དེ་ཐབས་ལམ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་ལོ་ན་ཉི་ཤུ་རྩ་གསུམ་ཡིན་པའི་ཤུ་ཆི་ཀེན་ཟེར་བ་ཞིག་རྒྱལ་ས་ཨུ་རུམ་ཆི་ནང་འཛུགས་སྐྲུན་གྱི་ལས་ཀ་བྱས་ཏེ་ལོ་ལྔ་བསྡད་ཡོད་ཅིང་ཁོང་དང་བཟའ་ཟླ་གཉིས་ས་གནས་གཞན་དུ་ཉེན་གཡོལ་དུ་འགྲོ་རྒྱུར་མོ་ཊ་སྦ་སེ་ཡི་ལག་འཁྱེར་ཉོ་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་དང་ས་གནས་འདིའི་ནང་མུ་མཐུད་སྡོད་རྒྱུ་ཧ་ཅང་གི་ཉེན་ཁ་དང་དྲག་པོའི་འཐབ་འཁྲུག་ལ་འཇིགས་སྣང་སྐྱེས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། གང་ལྟར་རེས་གཟའ་ཉི་མའི་ཉིན་ཤར་ཏུར་ཀི་སི་ཐན་ཁ་ཆེའི་མི་རིགས་ཚོས་རྒྱ་ནག་གཞུང་གིས་ད་བར་ཁོང་ཚོར་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དམག་དཔུང་འགྲེམས་འཇོག་བྱས་ཏེ་ཞི་བའི་ལས་འགུལ་ཐོག་དྲག་གནོན་བྱས་པ་མ་ཟད་རྒྱ་ནག་གཞུང་ཕྱོགས་ནས་དྲག་པོའི་དོན་རྐྱེན་དེའི་ནང་ཁྱོན་མི་དམངས་༡༥༦རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་སྟོང་ཕྲག་གཅིག་ལྷག་རྨས་སྐྱོན་ཕོག་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཕྱི་རྒྱལ་དུ་ཡོད་པའི་ཤར་ཏུར་ཀི་སི་ཐན་མི་རིགས་ཚོས་དྲག་པོའ་དོན་རྐྱེན་དེའི་ནང་མི་དམངས་བརྒྱ་ཕྲག་ཁ་ཤས་ཤིག་རྐྱེན་ལམ་ཕྱིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ད་དུང་དེ་རིང་རེས་གཟའ་པ་སངས་ཉིན་ཁ་ཆེའི་གཟའ་འཁོར་རེ་རེའི་ཕྱག་འཚལ་གྱི་དུས་ཚོད་ཡིན་ཡང་རྒྱ་ནག་གཞུང་གིས་རྒྱལ་ས་ཨུ་རུམ་ཆི་ནང་གི་ཁ་ཆེའི་ཕྱག་འཚལ་ཁང་མང་ཆེ་བ་སྒོ་རྒྱབ་བཅུག་པ་མ་ཟད་ཕྱག་འཚལ་ཁང་གི་མཐའ་སྐོར་ཏུ་དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་འགྲེམས་འཇོག་བྱས་ཏེ་ད་ཆ་རྒྱལ་ས་ཨུ་རུམ་ཆི་གྱི་གནས་སྟངས་ནི་དམ་བསྒྲགས་ཆེན་པོའི་འོག་གནས་བཞིན་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎