ཤིན་ཅང་དུ་དུས་ཟིང་སྐབས་མི་ཆིག་ཁྲི་ཙམ་གར་སོང་ཆ་མེད་གྱུར།
2009.07.29
༄༅༎དེ་རིང་ཀྲོག་ཡོ་ནང་ཡུ་གུར་མི་རིགས་ཀྱི་དབུ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་གྱིས་ཟླ་བ་འདིའི་ནང་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ཟིང་འཁྲུག་ནང་མི་གྲངས་ཁྲི་གཅིག་མན་ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་གསུངས་པ་མ་ཚད་ཡུ་གུར་མི་རིགས་ཐོག་རྒྱ་ནག་གིས་དྲག་གནོན་བྱས་པའི་གནད་དོན་ཐད་ཨ་མི་རི་ཀ་གཞུང་གིས་ལན་འཆར་འོས་འཚམས་གནང་མེད་པའི་བློ་འཚབ་གསལ་བཏོན་གནང་འདུག
འཛམ་གླིང་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་ཀ་རྡིར་གྱིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་གནང་སྟེ་ཉེ་ཆར་ཟླ་བ་འདིའི་ཚེས་ལྔ་ཉིན་ཤར་ཏུར་ཀི་སི་ཐན་ནང་ཟིང་འཁྲུག་ལངས་པའི་སྐབས་རྒྱ་ནག་དབང་འཛིན་པ་ཚོས་གྲོང་ཁྱེར་ཨུ་རུམ་ཆི་ནང་ཡུ་གུར་མི་རིགས་ཐོག་དྲག་གནོན་ཤུགས་ཆེ་བྱས་ཏེ་ཚེས་ལྔའི་མཚན་མོ་ཡུ་གུར་མི་གྲངས་ཁྲི་གཅིག་མན་ཙམ་ཞིག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་དེ་ཚོ་གལ་ཏེ་རྐྱེན་ལམ་དུ་ཕྱིན་ཡོད་ཚེ་ཁོང་ཚོའི་ཕུང་པོ་མཐོང་དགོས་རྒྱུ་དང་དེ་ལྟར་བྱུང་མེད་དུས་མི་དེ་ཚོ་གར་སོང་མེད་པ་ཆགས་དགོས་དོན་ཇི་ཡིན་དྲི་བ་བཏོན་གནང་འདུག
ཡང་ལྕམ་ཀ་རྡིར་གྱིས་ཕྱི་ཟླ་བདུན་པའི་ཚེས་ལྔའི་མཚན་མོ་ཨུ་རུམ་ཆི་ནང་གློག་བཅད་ནས་རྒྱ་མིའི་ཉེན་རྟོག་པས་ནག་ཁུང་ནང་ཡུ་གུར་མི་རིགས་ཐོག་གང་བྱུང་སྦག་སྦག་མེ་མདའ་རྒྱབ་ཡོད་པ་དང་དེའི་ཉིན་ཕྱི་མ་སྔ་དྲོ་ཡུ་གུར་སྐྱེས་པ་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་མེད་པ་ཆགས་ཡོད་སྐོར་སྐྱོན་བརྗོད་གནང་བཞག
རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་རྒྱབ་ལ་ར་སྦི་ཡ་ཀ་རྡིར་ཡོད་པའི་ཉེས་འཛུགས་བྱེད་བཞིན་ཡོད་ནའང་ཀ་རྡིར་གྱིས་རྒྱ་ནག་གཞུང་གི་ངོས་ནས་དོན་རྐྱེན་དེའི་ནང་ཁོང་ཐེ་གཏོགས་ཡོད་པའི་དཔང་རྟགས་སྟོན་དགོས་རྒྱུ་དང་ཁོང་ཐོག་བཙུགས་པའི་ནག་ཉེས་དེ་རྒྱལ་སྤྱིས་ར་འཕྲོད་ཐུབ་པ་ཡིན་ན་ཁོང་གིས་ངོས་ལེན་གནང་རྒྱུ་ཡིན་སྐོར་ཀྲོག་ཡོ་ནང་འདུས་པའི་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བཞག།