ཨ་རིའི་གྲོས་ཚོགས་འཐུས་མིིས་ཡུ་གུར་འགོ་ཁྲིད་ལ་རྒྱབ་སྐྱོར།
2009.07.11
༄༅༎ཨ་མི་རི་ཀའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བཙན་བྱོལ་ནང་གནས་པའི་ཡུ་གུར་ཁ་ཆེའི་འགོ་འཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་ལ་རྒྱབ་སྐྱོར་གནང་འདུག
རྒྱ་ནག་གཞུང་གིས་ད་རེས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་ཟིང་ཆའི་དོན་རྐྱེན་དེ་བཞིན་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགོ་འཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་ཡིན་ཚུལ་ནག་ཉེས་བཙུགས་ཡོད་པ་རེད།
རེས་གཟའ་པ་སངས་ཉིན་ཨ་རིའི་མང་ཚོགས་ཚོགས་པའི་གྲོས་ཚོགས་འཐུས་མི་སྦིལ་ཌེ་ལ་ཧན་ཊི་མཆོག་གིས་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་རྒྱུའི་འོས་མིའི་ཁོངས་སུ་ཐེངས་གསུམ་ཙམ་སླེབས་པའི་ལྕམ་རེ་སྦི་ཡ་ཀ་རྡིར་ལ་རྒྱ་ནག་གཞུང་གིས་མིང་རྗེས་ངན་པ་བཟོ་རྒྱུ་མཚམས་འཇོག་དགོས་སྐོར་རེས་གཟའ་པ་སངས་ཉིན་གྲོས་ཚོགས་ཀྱི་མདུན་ཐང་ལ་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུངས་འདུག
ཡང་ཨ་རིའི་འཐུས་མི་གཉིས་ཀྱི་ལྷན་དུ་ཕེབས་པ་དང་ལོ་དྲུག་རིང་རྒྱ་མིའི་བཙོན་ཁང་ནང་སྡུག་སྦྱོང་མྱང་པ་དང་ཨ་རིའི་གནོན་ཤུགས་འོག་བཙོན་བཀྲོལ་བཏང་བའི་ལྕམ་རེ་སྦི་ཡ་ཀ་རྡིར་ལགས་ཀྱིས་འཚེ་བའི་ལས་དོན་ཚང་མར་ངོ་རྒོལ་གནང་གི་ཡོད་པ་དང་ཁོང་གིས་ཤིན་ཅང་ནང་གི་ཟིང་ཆ་བརྒྱུད་སྐུལ་གནང་མེད་ལ་མ་འོངས་ལ་ཡང་དེ་རིགས་རྩ་བ་ནས་གནང་རྒྱུ་མིན་ལུགས་གསུངས་འདུག ཨ་རིའི་གྲོས་ཚགས་འཐུས་མི་སྐུ་ཞབས་སྦིལ་ཌེ་ལ་ཧན་ཏི་མཆོག་ནི་ཕྱི་འབྲེལ་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རྟོག་ཞིབ་གནང་མཁན་གྲོས་ཚོགས་འོག་མའི་ཚོགས་ཆུང་གི་ཚོགས་གཙོ་རེད་ལ་ཚོགས་ཆུང་དེའི་ནང་གི་སྤྱི་མཐུན་གྲོས་ཚོགས་འཐུས་མི་མཐོ་གྲས་སྐུ་ཞབས་ཌེ་ན་རོ་ར་སྦ་ཁར་རྣམ་གཉིས་ཀྱིས་ད་རེས་ཤིན་ཅང་གི་ཟིང་འཁྲུག་བྱུང་བའི་ནང་ཡུ་གུར་ཁ་ཆེའི་མི་རིགས་དང་རྒྱ་ཧན་མི་རིགས་མང་པོའི་ཚེ་སྲོག་ཤོར་བར་ཐུགས་ཕམ་དང་ཡིད་སྐྱོ་བ་དང་ཡང་རྒྱ་ནག་གཞུང་གིས་ཞི་བའི་སྒོ་ནས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཡུ་གུར་ཁ་ཆེའི་མི་རིགས་ཐོག་དྲག་གནོན་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་གཞི་ཞིག་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ཌེ་ན་རོ་ར་སྦ་ཁར་མཆོག་གིས་མིའི་རིགས་དང་ཆོས་ལུགས་མི་འདྲ་བའི་ཆ་ནས་མི་རིགས་གཅིག་གིས་གཞན་ལ་དྲག་པོའི་འཚེ་བའི་བྱ་སྤྱོད་སྤེལ་བ་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ་ད་རེས་ཤིན་ཅང་ནང་གི་ཟིང་ཆ་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཡུལ་ལུང་གཏོར་བཤིག་གཏོང་རྒྱུར་ཆེད་མངགས་དམིགས་ནས་སྲིད་ཇུས་འཛིན་པའི་རྐྱེན་གྱིས་བྱུང་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།