རྒྱལ་སྤྱིའི་གཞོན་ནུའི་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་སྐོར།
2008.09.05
༄༅༎བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་མཉམ་འབྲེལ་མཐུན་ཚོགས་སུ་ལྷན་བཞུགས་གནང་རྒྱུ་ཡིན་པ་རེད་།
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༥ནས༧བར་ཕི་ལི་པིན་གྱི་རྒྱལ་ས་མ་ནི་ས་རུ་ཚོགས་རྒྱུའི་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཉམ་འབྲེལ་མཐུན་ཚོགས་སུ་བཙན་བྱོལ་སྤྱི་ཚོགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སྐུ་ཚབ་གནང་སྟེ་ཕེབས་ཡོད་པ་དང༌། ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ནས་མ་ནི་ལར་ཕེབས་ཐོན་མ་གནང་སྔོན་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ད་རེས་ཁོང་ལྷན་ཚོགས་ཐོག་བཞུགས་ནས་དེ་སྔའི་ལྷན་ཚོགས་ཐོག་བོད་སྐོར་གྲོས་ཆོད་ཁག་འགའ་ཤས་བཞག་ཐུབ་པ་དེ་དག་ལག་ལེན་དུ་འཁོལ་ཐབས་དང་ དམིགས་བསལ་ད་རེས་ཀྱི་ལྷན་ཚོགས་ཐོག་ཉེ་སྔོན་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སུ་གྲོས་ཆོད་འཇོག་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་གསུང་བཞག ད་རེས་ཕི་ལི་པིན་ནང་ཚོགས་རྒྱུའི་ལྷན་ཚོགས་དེའི་ཐོག་དེ་སྔོན་ཚོགས་དུས་ཀྱི་སྐབས་འབར་མ་དང་བོད་སྐོར་གྱི་གནད་དོན་ཐོག་བགྲོ་གླེང་གནང་རྒྱུའི་བརྗོད་གཞི་ཡོད་པའི་ནང༌། ན་ནིང་ཕྱི་ལོ་ཉིས་སྟོང་བདུན་ལོའི་ལྷན་ཚོགས་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་དང་ བོད་མི་རྣམས་ཀྱི་རང་དབང་ལ་རྒྱབ་སྐྱོར་ རྒྱ་ནག་གཞུང་ལ་གནོན་ཤུགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པའི་གྲོས་ཆོད་བཞག་ཡོད་པ་དེ་དག་མུ་མཐུད་འདི་ལོ་ཕྱི་ཟླ་དང་པོའི་ནང་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཌོ་མི་ནི་ཁེན་སྤྱི་མཐུན་རྒྱལ་ཁབ་ཏུ་བཞག་པ་གཞིར་བཟུང་གྲོས་མོལ་གནང་རྒྱུ་ཡིན་འདུག