བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་མཚམས་འཇོག་རྒྱུ་མིན། བོད་ཀྱི་གཞོན་ནུའི་ཚོགས་གཙོས།

2025.01.22
བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་མཚམས་འཇོག་རྒྱུ་མིན། བོད་ཀྱི་གཞོན་ནུའི་ཚོགས་གཙོས། རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ལྡི་ལིར་མཇུག་སྒྲིལ་སྐབས། ༠༡།༢༢།༢༠༢༥
བསྟན་འཛིན་ཐེར་འདོད། /RFA

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན། ལོ་སྔོན་མའི་སྤྱི་ཟླ་༡༡པའི་ཚེས་ ༢༢ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་འཕགས་བོད་ས་མཚམས་འབུམ་ལ་ས་གནས་ནས་འགོ་འཛུགས་གནང་ནས། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ ལྷག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་སྤྱི་ལེ་ཁྲི་གཉིས་ལྷག་སྐོར་བསྐྱོད་གནང་ཡོད་པ་དང་། ཕྱི་ཟླ་དང་པོའི་ཚེས་༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་བསྡོམས་མཛད་སྒོ་དང་འབྲེལ་གསར་འགོད་གསལ་བསྒྲགས་གནང་ནས་མཇུག་སྒྲིལ་སོང་།
སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། བོད་དོན་ལས་འགུལ་དེའི་དམིགས་ཡུལ་དོན་ཚན་གསུམ་ཡོད་པ་ནི། དང་པོ། བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པ། གཉིས་པ། རྒྱ་གར་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ། གསུམ་པ། བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ཆ་ནས་ད་ཆ་རྒྱ་ནག་གཞུང་གི་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་གནོད་བཅུད་ལ་ཉེན་ཁ་བཟོ་བཞིན་ཡོད་དུས་འཛམ་གླིང་མི་མང་ནས་དེར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ཡིན་པ་ངོ་སྤྲོད་དང་འབྲེལ། ད་རེས་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཟླ་བ་གཉིས་སྤེལ་བའི་རིང་ལམ་བར་དུ་ཆར་རླུང་དང་གནམ་གཤིས་གྲང་ངར་ཆེ་བའི་དཀའ་ངལ་དང་། སྦག་སྦག་བརྡབ་སྐྱོན་བྱུང་བ། ལུས་ཀྱི་འཕྲོད་བསྟེན་གྱི་དཀའ་ངལ་སོགས་འཕྲད་ན་ཡང་ཉིན་གཅིག་མ་ཆད་པར་བོད་དོན་འཐབ་རྩོད་བློ་ལ་བཅིངས་ནས་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་ལས་འགུལ་མདུན་བསྐྱོད་ལེགས་འགྲུབ་བྱུང་བ་དང་། བཙན་བྱོལ་བོད་མི་ཚོས་བོད་ནང་གི་གཞིས་བཞུགས་བོད་མི་སྤུན་ཟླ་ཚོས་ཡིད་ཆེས་དང་རེ་བ་བྱས་བསྡད་ཡོད་པ་བཞིན་བོད་དོན་ཆེད་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་བ་ཚོས་བོད་རང་བཙན་གྱི་བདེན་མཐའ་མ་གསལ་བར་དུ་རྒྱ་ནག་ལ་ངོ་རྒོལ་དང་བོད་དོན་ལས་འགུལ་མཚམས་འཇོག་རྒྱུ་མིན་པ་རྒྱ་ནག་ལ་བརྡ་ལན་སྤྲད་སོང་།

tibetan-youth-congress-bike-rally (2).png

ད་རེས་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་༡༦ ཡོད་པ་དང་། ཁོང་རྣམས་ཀྱིས་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ལྷག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་སྤྱི་ལེ་ཆིག་ཁྲི་ལྔ་སྟོང་ལྷག་སྐོར་བསྐྱོད་གནང་རྒྱུ་དང་། དེའི་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་པའི་ས་གནས་དང་དབུས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་། ས་གནས་སུ་གསར་འགོད་ལྷན་ཚོགས་ཀྱིས་བོད་དོན་དྲིལ་བསྒྲགས། རྒྱ་གར་གྱི་གཞུང་སྒེར་ཚོགས་སྡེ་ཁག རྒྱ་གར་མི་མང་བཅས་ལ་བོད་དོན་གོ་རྟོགས་སྤེལ་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད་འདུག དེ་སྔོན་ཁོང་ཚོ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་སྐབས་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་བྱུང་ཡོད་པ་རེད།
ལས་འགུལ་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྐབས་སྐུ་མགྲོན་གྱི་གཙོ་བོར། བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་དྲུང་ཆེ་པང་ཀཇི་གྷོ་ཡལ་(Pankaj Goyal)་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡི་འབྲེལ་མཐུད་པ་སྐུ་ཞབས་(Surendra Kumar)་ལགས། ལྡི་ལིར་བཅའ་བཞུགས་གསར་འགོད་པ་རྒན་གྲས་དང་བོད་གནས་མཁས་པ་སྐུ་ཞབས་(Vijay Kranti)་ལགས་བཅས་གཙོས་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་འདུག


གསར་འགོད་པ། བསྟན་འཛིན་ཐེར་འདོད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎