བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཉི་ཤུ་ལྷག་གི་ནང་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་སྤྱི་ཚེས་༤་ཉིན་རྒྱ་གར་དྷི་མ་པུར་ནས་(Meghalaya)་མངའ་སྡེའི་གྲོང་ཁྱེར་(Shillong)་ནང་འབྱོར་ཡོད་པ་དང་། ད་བར་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་ཉིན་གྲངས་༡༤འགྲོ་བཞིན་པ་རེད། སྤྱི་ཚེས་༣་ཉིན་ཁོང་རྣམ་པ་དྷི་མ་པུར་ལ་འབྱོར་སྐབས་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་དང་མངའ་སྡེ་གཞན་ནས་ད་རེས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་ཁག་ཅིག་དང་ལྷན་འཛོམས་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་རེས་ལས་འགུལ་འདི་སྤེལ་དགོས་དོན་སྐོར་དང་འབྲེལ་བའི་ཐད་ལ་གོ་བསྡུར་གླེང་མོལ་བྱུང་ཡོད་པ་དང་། ལམ་བར་ནས་དམིགས་བསལ་དཀའ་ངལ་སོགས་གང་ཡང་འཕྲད་མེད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ་དྲྭ་ཐོག་ཏུ་སྤྱི་ཚེས་༤་ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་ཚོས་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ཉིན་བཅུ་བཞི་པར་དྷི་མ་པུར་བོད་རིགས་སྤུན་ཟླ་ཚོ་དང་ལྷན་ལྷག་དཀར་སྲུང་བརྩི་གནང་རྗེས། ལས་འགུལ་བ་རྣམས་རྒྱ་གར་ཤིས་ལོང་(Shillong)་ལ་ཕྱོགས་ཐོན་གྱིས་ཆུ་ཚོད་བདུན་ཙམ་གྱི་རྗེས་ལམ་བར་ནས་ཤིས་ལོང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་སྣེ་ལེན་གནང་བ་དང་། ཤིས་ལོང་ས་གནས་སུ་འབྱོར་མཚམས་ས་གནས་གཞིས་འགོ་དང་ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་བུད་མེད་ཀྱི་ཚོགས་གཙོ་དང་སྤྱི་མི་བརྒྱ་དཔོན་གཙོས་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག་ལ། ཚེས་༥ཉིན་ས་གནས་སུ་གསར་འགོད་གསལ་བསྒྲགས་དང་ས་གནས་མང་ཚོགས་དང་ཐུག་འཕྲད་ཀྱིས་ལས་འགུལ་གྱི་དམིགས་ཡུལ་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསལ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་གསུངས་ན། ད་རེས་ལས་འགུལ་བ་རྣམས་ཤིས་ལོང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཡོད་པ་དང་། དེ་ནས་མུ་མཐུད་དུ་སོ་ལི་གྷོར་ཕྱོགས་སུ་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་གནང་རྒྱུ་ཡིན་པ་རེད་འདུག

ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ། སྤྱི་ཟླ་༡༡་པའི་ཚེས་༢༡་ཉིན་ནས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་འབུམ་ལ་ས་གནས་ནས་འགོ་འཛུགས་གནང་སྟེ་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ལྷག་གི་ནང་སྤྱི་ལེ་ཆིག་ཁྲི་ལྔ་སྟོང་ལྷག་སྐོར་བསྐྱོད་གནང་རྒྱུ་དང་། དེའི་རིང་རྒྱ་གར་གཞུང་སྒེར་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ། རྒྱ་གར་མི་མང་བཅས་ལ་བོད་དོན་གོ་རྟོགས་སྤེལ་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་རྒྱུ་ཡིན་པ་རེད་འདུག དེ་སྔོན་ཁོང་ཚོ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་སྐབས་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་བཅར་ཞུས་པ་བྱུང་ཡོད་པ་རེད།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།