ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་བ།
2016.02.01

ཞི་འགྲིག་དང་མཉམ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་བ་མང་མོས་འོས་འདེམས་བྱུང་བ།
དེ་ཡང་སྔ་ལོའི་མགོ་སྟོད་ནས་བཟུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུའི་དབར་མི་མཐུན་པའི་གནས་ཚུལ་བྱུང་ཡོད་སྟབས། ཕན་ཚུན་ཞི་འགྲིགས་ཡོང་ཐབས་སུ་དམིགས་ནས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེས་གཙོས་རྒྱུན་ལས་ཁག་གཅིག་ཆེད་མངགས་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཙམ་ལ་། ཨ་མི་རི་ཀའི་ནང་ཕེབས་ནས་། ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པ་མཉམ་དུ་གྲོས་བསྡུར་སྦྱང་བཤད་རིམ་པ་བྱས་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད་པར་བརྟེན། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༥ཕྱི་ཟླ་༡༢་ཚེས་༡༦་ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་གནས་སྐབས་སྒོ་རྒྱབ་ནས་བར་བརྒལ་གྱི་རྒྱུན་ལས་ཁག་ཅིག་བསྐོ་གཞག་གནང་ཡོད་པ་རེད།
འོན་ཀྱང་འདི་ཚེས་༢༦ཉིན་ཕྱོགས་གཉིས་ནས་སྤྱི་བསྒྲགས་སྤེལ་ནས། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཕྱོགས་གཉིས་ནས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་དང་། སྒྲིག་འཛུགས་སྲ་བརྟན་། མི་མང་མཐུན་སྒྲིལ། སྤྱི་ཚོགས་ཞི་འཇམ་སོགས་ལ་དམིགས་ཏེ་ད་ཆ་གནད་དོན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་འགྲིག་འཇག་གཙང་མ་བྱུང་ཚུལ་བསྒྲགས་ཡོད།
དེ་བཞིན་སྤྱི་ཟླ་དང་པོའི་ཚེས་༣༡ཉིན། འོས་བསྡུ་སྟངས་འཛིན་གནང་མཁན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དབུ་བཞུགས་ཐོག་རྩོད་རྙོག་སོགས་གང་ཡང་མེད་པར་སྐབས་༡༤བའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་བ་འོས་འདེམས་བྱུང་ཡོད་པ་རེད།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།