རྒྱ་ནག་གི་བཀག་ཉར་འོག་ནས་བོད་མི་སློབ་ཆེན་པ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པར་ནིའུ་ཡོག་ནས་བོད་མི་ཚོས་ངོ་རྒོལ་བྱས་འདུག

2024.01.22
རྒྱ་ནག་གི་བཀག་ཉར་འོག་ནས་བོད་མི་སློབ་ཆེན་པ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པར་ནིའུ་ཡོག་ནས་བོད་མི་ཚོས་ངོ་རྒོལ་བྱས་འདུག རྒྱ་ནག་གི་བཀག་ཉར་འོག་ནས་བོད་མི་སློབ་ཆེན་པ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པར་ནིའུ་ཡོག་ནས་བོད་མི་ཚོས་ངོ་རྒོལ་བྱས་སྐབས། ༠༡།༢༡།༢༠༢༤
facebook / RTYCNYNJ

ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་ཞུས་ཏེ། ཕྱི་ཟླ་༡་ཚེས་༢༡རེས་གཟའ་ཉི་མའི་ཉིན། ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་སྐོར་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཉེ་བའི་ཆར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཚེ་སྒྲོན་ཞུ་བ་ཞིག་སྙེ་མོ་རྫོང་དང་། རི་ཚོ་གྲོང་ཚོའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་བཀག་ཉར་འོག་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ནང་ཐོན་པ་དང་། སློབ་མ་ཚེ་སྒྲོན་ལགས་ཀྱི་ཕུང་པོ་ནང་མི་ལ་རྩིས་སྤྲོད་བྱས་མེད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གི་བྱ་སྤྱོད་དེར་ངོ་རྒོལ་བྱེད་བཞིན་པ་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་དམར་ཤོག་གཞུང་གིས་རྒྱུ་མཚན་གསལ་ཁ་མེད་པའི་སྒོ་ནས་བོད་མི་སློབ་ཕྲུག་ཚེ་སྒྲོན་ལགས་འཛིན་བཟུང་བཙན་ཁྲིད་དང་བཀག་ཉར་འོག་འདས་གྲོངས་སུ་གྱུར་ཞིང་། དེའི་རྗེས་ཕུང་པོ་ནང་མི་ལ་རྩིས་སྤྲོད་བྱས་མེད་པའི་གནས་སྟངས་འདི་ནི་ཐབས་སྐྱོ་བོ་ཞིག་རེད་ལ། བོད་ནང་དུ་མནར་གཅོད་མྱོང་བཞིན་པའི་བོད་མི་བཙོན་མ་ཡོངས་རྫོགས་བཙོན་གྲོལ་གཏོང་དགོས་པ་དང་། གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞོན་སྐྱེས་ཁག་གིས་སྤྱི་ཚོགས་དྲ་ངོས་སུ་སློབ་མ་ཚེ་སྒྲོན་ལགས་རྒྱ་ནག་གི་ཉེན་རྟོག་པའི་འཛིན་བཟུང་འོག་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་བསྐྱེད་ཀྱི་བརྙན་ཐུང་ཞིག་ཁྱབ་སྤེལ་གནང་འདུག
གནས་ཚུལ་དེ་བོད་ཀྱི་དུས་བབ་གསར་ཁང་གིས་ཕྱི་ཟླ་དང་བོའི་ཚེས་༡༧ཉིན་དྲ་ངོས་གནས་ཚུལ་སྤེལ་དོན་ལྟར་ན། འདས་ལོའི་ཕྱི་ཟླ་༡༢ཚེས་༢༦ཉིན་བོད་སྙེ་མོ་རྫོང་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ཞུ་བ་ཞིག སྙེ་མོ་རྫོང་དང་རི་ཚོ་གྲོང་ཚོའི་ས་གནས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཉིན་གྲངས་མང་བོར་གོ་ཐོས་བྱུང་མེད་ཀྱང་། ཟླ་དང་བོའི་ཚཻས་༡༥ཉིན་བུ་མོའི་ཁྱིམ་ཚང་ལ་ཁོང་མོ་རྫོང་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་འབྱོར་ཞིང་། མོའི་ཕ་མ་དང་སྤུན་མཆེད་རྣམས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ་འདྲི་གཅོད་བྱེད་སྐབས། ཉེན་རྟོག་པས་འདས་པའི་ལོ་གཅིག་རིང་ཚེ་སྒྲོན་ལ་ཞིབ་འཇུག་བྱས་ནས་འཛིན་བཟུང་བྱས་བ་དང་། གནད་དོན་མང་པོ་ཞིག་གི་ཐད་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་ཁ་གསལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་མ་ཟད། ནང་མིས་ཕུང་པོ་སྤྲོད་རོགས་ཞེས་རེ་སྐུལ་ཞུས་ཡོད་ཀྱང་། ཕུང་བོ་ནང་མི་རྩིས་སྤྲོད་བྱས་མེད་པ་དང་། བུ་མོ་ཚེ་སྒྲོན་ལགས་ལ་ནད་མནར་སོགས་གང་ཡང་མེད་ཀྱང་། གཅར་རྡུང་ཚད་མེད་བཏང་ནས་བསད་པའི་དོགས་པ་ཆེན་པོ་ཡོད་ཅེས་དུས་བབས་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་མཁན་ཞིག་གིས་བརྗོད་ཡོད་པ་ལུང་འདྲེན་བྱས་འདུག
གནས་ཚུལ་ནང་བུ་མོ་ཚེ་སྒྲོན་ལགས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་པ་དང་། དུས་རྒྱུན་སློབ་སྦྱོང་ལེགས་པོ་ཡོད་པ་དང་། དབྱར་ཀའི་གུང་སེང་སྐབས་སུ་སློབ་ཕྲུག་མང་བོར་གསབ་ཁྲིད་དང་། ཀློག་དེབ་རིན་མེད་སྤྲད་ནས་སློབ་སྦྱོང་ཐོག་རོགས་རམ་གནང་མཁན་ཞིག་ཡིན་པ་བཅས་བཀོད་འདུག
གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྩད་གཅོད་བྱས་ཀྱང་ད་བར་གནས་ཚུལ་ཞིབ་ཕྲ་རག་མ་བྱུང་ལ། མུ་མཐུད་དུ་འཚོལ་སྒྲུབ་བྱེད་བཞིན་ཡོད།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎