ཏུར་ཀིའི་སྲིད་བློན་གྱིས་སི་རི་ཡའི་སྲིད་གཞུང་ལ་སྐྱོན་བརྗོད།
2012.02.08
༄༅༎ད་ལམ་ཨ་མི་རི་ཀ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་སི་རི་ཡའི་གཞུང་གིས་ཡུལ་དེའི་མི་མང་གི་ངོ་རྒོལ་སྒེར་ལངས་བྱས་པར་དེར་དྲག་གནོན་བྱེད་མཚམས་འཇོག་དགོས་པའི་སྐོར་རྒྱལ་ཚོགས་ཀྱི་སར་གྲོས་བཏོན་བྱས་པའི་སྐབས་དེར་རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མི་ཡིན་པའི་ཆ་ནས་གོང་གསལ་གྲོས་གཞིར་མོས་མཐུན་མ་བྱས་པར་དགག་བྱ་རྒྱབ་ཡོད་པ་དེར། ཏུར་ཀིའི་སྲིད་བློན་རེ་ཀེཔ་ཊ་ཡིཔ་ཨེར་ཌོ་གེན་(Recep Tayyip Erdogan)གྱིས་ཏུར་ཀིའི་གྲོས་ཚོགས་སར་ངོ་རྒོལ་སྐྱོན་བརྗོད་གནང་སྟེ། དེ་ནི་སི་རི་ཡའི་སྲིད་འཛིན་སྦ་ཤར་ཨལ་ཨ་སའརྡ་(Bashar al-Assad)གཞུང་ལ་ཡུལ་དེའི་མི་མང་གསོད་རྒྱུའི་ལག་འཁྱེར་སྤྲད་པ་ལྟ་བུའི་གནང་སྤྱོད་ཅིག་རེད་ཅེས་སྐྱོན་འཛུགས་གནང་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་དེ་གསུང་པར་སི་རི་ཡའི་མི་མང་ཚོ་དཀའ་ངལ་དེ་ལྟ་བུ་མྱོང་བཞིན་པར་ང་ཚོས་འབྲེལ་ཡོད་མཐུན་ཕྱོགས་ཡུལ་གྲུ་ཚོས་འབད་བརྩོན་མུ་མཐུད་གནང་དགོས་ངེས་ཡིན་པའི་སྐོར་གསུང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།