ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་གླེང་འདུག
2020.10.28
ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན་བསྒྲགས་གཏམ་སྤེལ་སྐབས་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་གསལ་སྟོན་གནང་འདུག
ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་(Francois-Philippe Champagne)ལགས་ཀྱིས་ཕྱི་ཟླ་༡༠ཚེས་༢༧རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན། རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་བོད་ནང་གི་བོད་མི་དང་། ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧྥ་ལུང་སྒོང་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ཆོས་དད་རང་དབང་རྒྱ་ནག་གཞུང་གིས་སྡུག་སྦྱོང་དང་རྡོག་རོལ་གཏོང་བཞིན་པར། ཁེ་ན་ཌ་གཞུང་གི་ངོས་ནས་དོ་སྣང་དང་བཅས། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་ལ་དམིགས་གསལ་བརྒྱུད་ལམ་གྱི་ཐོག་ནས་ཆོས་དད་རང་དབང་ཐད་མིང་དོན་མཚུངས་པའི་མངོན་འདོད་བསྐྲུན་ཐུབ་རྒྱུར་ཤུགས་གནོན་རྒྱག་རྒྱུ་ཡིན་པ་གསུངས་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་(Francois Champagne)ལགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནད་དོན་ནི་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། འགྲོ་བ་མི་སུ་འདྲ་ཞིག་གིས་ཆོས་ལུགས་གང་ཞིག་ལ་རང་དབང་གི་ཐོག་ནས་ཆོས་དད་དང་ཡིད་ཆེས་བྱས་ཀྱང་དེར་དབྱེ་འབྱེད་དང་། དྲག་གནོན། ཚིག་རྩུབ་སོགས་བྱས་ན་མི་འགྲིག་པ་གསུངས་འདུག ད་དུང་ཁོང་གིས་ཁེ་ཎ་ཌ་ནི་མི་རིགས་དང་ཆོས་ལུགས་མི་འདྲ་བ་མང་པོ་རྗེས་སུ་འབྲང་མཁན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་སྟབས། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གོང་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསུངས་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལས་ཁུངས་ནས་དེ་སྔོན་ཕྱི་ཟླ་བདུན་པའི་ནང་། ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གྱི་མཚན་ཐོག་ཕྱག་བྲིས་ཞིག་གནང་པའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་ཆབ་སྲིད་བཙོན་པ་སོགས་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ཁེ་ཎ་ཌ་གཞུང་གི་ངོས་ནས་མུ་མཐུད་དུ་དོ་སྣང་དང་དཀའ་ངལ་སེལ་ཐབས་འབད་བརྩོན་གནང་རྒྱུ་བཀོད་ཡོད་པ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་ནི། འཛམ་གླིང་ནང་གི་འགྲོ་བ་མིའི་ཆོས་དད་རང་དབང་དར་སྤེལ་དང་སྲུང་སྐྱོབ་ཆེད་ལོ་ལྟར་སྤྱི་ཟླ་༡༠་བའི་ཚེས་༢༧ཉིན་སྲུང་བརྩི་བྱེད་རྒྱུ་སྤྱི་ལོ་༡༩༨༨ལོར་ཨ་རིའི་གཞུང་གིས་གཏན་འབེབས་བྱས་པ་ཞིག་ཡིན་འདུག