རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་གཏན་འཁེལ་འདུག

2024.02.20
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་གཏན་འཁེལ་འདུག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་གཏན་འཁེལ་བའི་གསལ་བསྒྲགས། ༢།༢༠༢༤
སྒྲིག་བཟོ། /TSG

དེ་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་བྷེལ་ཇིཡམ་གྱི་རྒྱལ་ས་(Brussels)་ནང་གི་(Thon)་གསོལ་མགྲོན་ཁང་དུ་འདི་ལོའི་ཕྱི་ཟླ་༢ཚེས་༢༣ནས་༢༥བར་ཉིན་གྲངས་གསུམ་རིང་འཚོགས་གཏན་འཁེལ་ཡོད་པ་དང་། ད་རེས་ཚོགས་ཆེན་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་འགག་ཆེ་བའི་མི་སྣ་ཙམ་གྱིས་མ་ཚད། རྒྱ་ནག་གཞུང་གིས་སྡུག་སྦྱོང་འོག་མྱངས་མྱོང་བའི་ཡུ་གུར་དང་། ཧོང་ཀོང་གི་ལས་འགུལ་བ་བཅས་ཀྱང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་རྒྱུའི་ལས་རིམ་བང་སྒྲིག་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁངལ་གསུངས་ན། ད་རེས་ཚོགས་ཆེན་ཐོག་བཀའ་མོལ་གནང་རྒྱུ་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་དོན་བྱེད་ཕྱོགས་དང་། ཞུ་གཏུག་གནང་ཕྱོགས། རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་དང་། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཡིན་པའི་ཐད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སོ་སོའི་ས་གནས་ལ་དཔག་པས་ལས་དོན་བྱེད་ཕྱོགས། གཞན་སྤྱི་ཡོངས་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་རག་ཐབས་དང་འཚོལ་ཐབས་སོགས་ཀྱི་ཐོག་བཀའ་མོལ་གནང་གི་ཡོད་པ་གསུངས་བྱུང་།
ཕྱི་ཟླ་༢་ཚེས་༢༣་རེས་གཟའ་པ་སངས་ཚོགས་འདུའི་ཉིན་དང་པོར་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས། ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Mikulas Peksa)་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་དགའ་བསུའི་གསུང་བཤད་གནང་རྒྱུ་ཡིན་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དེའི་ཐོག་ཆེད་དུ་སྩལ་བའི་བཀའ་སློབ་གཟིགས་འབུལ་ཞུས་ཏེ་ཚོགས་འདུ་དབུ་འཛུགས་གནང་རྒྱུ་ཡིན་འདུག་ལ། ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་(Dr. Hans Gert Pottering)་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་སློབ་གནང་རྒྱུ་ཡིན་འདུག
ཚོགས་འདུའི་ཉིན་དང་པོའི་ཐོག དབྱིན་ཡུལ་གྱི་བོད་རང་དབང་ངམ་རང་བཙན་ཚོགས་པའི་(John Jones)་ལགས་ཀྱིས་གཙོ་སྐྱོང་གནང་ཐོག དྭང་བླང་བོད་དོན་ཞུ་གཏུགས་ཀྱི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གསང་བའི་མྱུལ་ཞིབ་དང་བདེ་སྲུང་སྐོར། སྤྱི་ཚོགས་རིག་པའི་འབུམ་རམ་པ་རྒྱལ་ལོ་ལགས་ཀྱིས་བོད་ནང་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་སྐོར། དེ་བཞིན་(Scottish Centre for Himalayas Studies)་ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་(Dr. Martin Mills)་ལགས་ཀྱིས་བོད་ནང་གི་སྣོད་བཅུད་ལ་འགྱུར་བ་འགྲོ་བཞིན་པ་དང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཇི་ལྟར་གཏོང་གི་ཡོད་མེད་སྐོར་གསུང་བཤད་ཀྱི་ལས་རིམ་སྒྲིག་འདུག
ལས་རིམ་གཞན་ཞིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་(Dr. Martin Bursik)་ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(RK Khirmey)་ལགས། བྷེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བདེ་ཁང་རིག་འཛིན་ཆོས་སྒྲོན་ལགས། ཨོས་ཀྲེ་ལི་ཡའི་བོད་དོན་ལྷན་ཁང་གི་གཙོ་འཛིན་(Dr. Zoe Bedford)་ལགས། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Canada Tibet Committee)་ཡི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས། དེ་ནས་(Sassaoufit Collective)་ཞེས་པ་གསར་འཛུགས་གནང་མཁན་(Andrea Ngombet)་བཅས་ཀྱིས་རིམ་བཞིན་བཀའ་སློབ་གསུངས་བཤད་གནང་རྒྱུ་ཡིན་འདུག
གཞན་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གདོང་ལེན་གནང་འཆར་གོ་ལ་རང་བཞིན་གྱི་ལས་འགུལ་སྤེལ་ཕྱོགས་ལས་རིམ་(Tibet Action Institute)་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་དང་། དེའི་ཐོག་འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་ཚོགས་གཙོ་(Dolkun Isa)་ལགས་དང་། ལྷོ་སོག་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་ཁང་གི་འགན་འཛིན་(Enghebatu Togochog)་ལགས། ཧོང་ཀོང་ལྟ་ཞིབ་ཚོགས་པའི་སློབ་སྟོན་པ་(Joey Siu)་བཅས་ཀྱིས་རིམ་བཞིན་བཀའ་སློབ་གསུང་བཤད་གནང་འཆར་འདུག
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བྷེལ་ཇིཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཐུན་མོང་གིས་གོ་སྒྲིག་གནང་བ་དང་། རྒྱལ་ཁབ་ཁག་འདྲ་མིན་༤༤ཙམ་ནས་ཚོགས་བཅར་བ་ཁྱོན་༡༨༠ལྷག་ལྷན་འཛོམས་གནང་གི་ཡོད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎