ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་རུབ་ཀྱིས་ཉི་ཧོང་གཞུང་ལ་སྐུལ་འདེད་གཏོང་འཆར་འདུག
ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་སྤྱི་ཟླ་༢པའི་ཚེས་༡༢ཉིན་འཚོགས་ཏེ། ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཁག་བཅུ་མཉམ་རུབ་ཀྱི་སྒོ་ནས། འབྱུང་འགྱུར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཆེ་ཁག་ཚོའི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱས་མི་ཆོག་པ་དང་། ལྷག་པར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་ཇུས་དང་ངོས་འཛིན་བྱས་ཚེ། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་ངོས་ལེན་མེད་པའི་སྐོར་གྲོས་ཆོད་དོན་ཚན་ལྔ་ཡོད་པ་ཞིག་བཞག་ཡོད་པ་མ་ཟད། གྲོས་ཆོད་ཀྱི་ནང་དོན་ལག་བསྟར་དོན་སྨིན་ཡོང་བར། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་གཞན་ཁག་བཅས་མཉམ་རུབ་གནང་སྟེ། ཉི་ཧོང་གཞུང་ལ་སྐུལ་འདེད་གཏོང་ངེས་ཡིན་པ། ཉི་ཧོང་གི་བོད་རང་དབང་ཚོགས་པའི་(FREE TIBET FUKUOKA)་ཚོགས་གཙོ་(Yoko Ishii)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་འགྲེལ་བརྗོད་གནང་བྱུང་།
ཁོང་མོས་ཁོང་ཚོའི་ལྷན་ཚོགས་ཀྱི་ཐོག་ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཚང་མ་ཚུད་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་དང་། ཟུར་པ་སོགས། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཉི་ཧོང་གི་གནད་ཡོད་མི་སྣ་མང་པོ་ཡོད་ཅིང་། ཁོང་ཚོ་ལྷན་ཚོགས་ཀྱི་འགོ་ནས་མཇུག་བར་བསྡད་པ་གཅིག་པུ་དེ་ཡང་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པ་མ་ཟད། ཁོ་ཚོའི་ངོས་ནས་ང་ཚོའི་གྲོས་ཆོད་ཀྱི་ནང་དོན་ལ་ངེས་ཤེས་གཏིང་ཟབ་རྙེད་ཡོད་པས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཀྱིས་ཉི་ཧོང་གཞུང་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ད་དུང་ཉི་ཧོང་གི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཁ་ཤས་ཀྱིས་ཆོས་ཕྱོགས་དང་འབྲེལ་བ་དང་། ཁག་ཅིག་གིས་ཆབ་སྲིད་དང་འབྲེལ་བ། ཡང་ཁག་ཅིག་གིས་དཔལ་འབྱོར་གྱིས་བོད་དོན་རྒྱབ་སྐྱོར་སོགས་གནང་གི་ཡོད་ནའང་། རྒྱ་ནག་གཞུང་གིས་བྲག་མགོ་རུ་སྐུ་བརྙན་གཏོར་བཤིག་བཏང་བ་དང་། བོད་ནང་ཕྲུ་གུ་ལོ་ཆུང་ཚོ་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་ནག་གི་ཁོར་ཡུག་ཏུ་སློབ་སྦྱོང་སྤྲོད་པ་སོགས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་ཀྱི་སྲིད་ཇུས་འཇིགས་སྣང་ཅན་ཞིག་ཏུ་མཐོང་གི་ཡོད་པར་བརྟེན། འཆར་ཅན་གྱི་ལས་འགུལ་ཙམ་གྱིས་མི་འགྲིག་པར་མཐོང་སྟེ་བོད་དོན་རྒྱབ་སྐྱོར་བ་༢༨མཉམ་རུབ་ཀྱིས། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དོན་ཚན་ལྔ་བཞག་པ་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་ཚུལ་བཀོད་ཡོད་པ་མ་ཟད། གཙོ་ཆེར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱས་མི་ཆོག་པ་སོགས་འཁོད་ཡོད་པ་དང་། ཉི་ཧོང་ནི་འཛམ་གླིང་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་པ་མང་ཤོས་དེ་ཡིན་པ་མ་ཟད། ཉེ་བའི་ལོ་ཤས་ནས་ས་གནས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའང་ཇེ་མང་དུ་འགྲོ་བའི་གནས་སྟངས་ཆགས་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།