རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལིར་ཚོགས་བཞིན་འདུག

2022.11.28
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལིར་ཚོགས་བཞིན་འདུག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལིར་ཚོགས་བཞིན་པ། ༡༡།༢༨།༢༠༢༢
CTA

འདི་ཚེས་༢༨ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་བཞིན་ལོ་གསུམ་རེའི་མཚམས་སུ་སྐོང་ཚོགས་གནང་གི་ཡོད་ཅིང་། ད་ལོའི་ཚོགས་ཆེན་ཐོག་གཙོ་བོ་ཨ་མི་རི་ཀའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་༢༠༢༠ནང་དོན་དང་མཚུངས་པ་རྒྱ་གར་གྱི་ངོས་ནས་སྲིད་བྱུས་གཅིག་མཚུངས་གཏན་འབེབས་ཡོང་ཐབས་སུ་བགྲོ་གླེང་དང་དམིགས་བཅངས་བྱེད་ཀྱི་ཡོད་པ་རེད།
ཚོགས་འདུ་དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་ལ་ཕྱོགས་ཕན་ཚུན་གྱི་འབྲེལ་ལམ་ཡག་པོ་མེད་པའི་དུས་སྐབས་སུ་ཚོགས་ཀྱི་ཡོད་དུས། འབྲེལ་ཡོད་མི་སྣ་ཚོས་ཚོགས་འདུ་འདི་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་ཧིན་རྡུ་སི་ཐན་དུས་བབ་ལ་འགྲེལ་བརྗོད་གནང་འདུག་ལ། རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་བར་འབྲེལ་མོལ་ཆད་དེ་ལོ་ངོ་ ༡༢ཙམ་གྱི་རྗེས་སུ་འཁེལ་གྱི་ཡོད་པས། ཡུལ་དུས་གནས་བབ་ཀྱི་ཆ་ནས་གལ་གནད་ཅིག་ཏུ་ངོས་འཛིན་གནང་མཁན་ཡོད་པ་རེད།
ཚོགས་ཆེན་ཐོག་བོད་མཐོ་སྒང་ནས་བཞུར་བཞིན་པའི་ཆུ་བོ་ཆེ་ཁག་གི་བཞུར་བརྒྱུད་དུ་ཡོད་པའི་ཡུལ་ལུང་ཁག་གི་ཁོར་ཡུག་སྣོད་བཅུད་ལ་གལ་འགངས་ཆེ་ཆུང་ཇི་འདྲ་ཆགས་མིན་དང་། རྒྱ་གར་ནང་དུ་བོད་དོན་ལས་འགུལ་ནུས་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་འདུག

All India Tibet support groups' conference (1).jpg
ད་རེས་ཉིན་གྲངས་གཉིས་ཀྱི་ཚོགས་ཆེན་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མཱར་(Sujeet Kumar)་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཨཱ་ནནྟ་ཀུ་མཱར་(Anand Kumar)་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Indresh Kumar)་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་(R. K. Khrimey)་ལགས་བཅས་ཀྱི་གཙོས། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཁག་༡༥ཙམ་གྱི་བོད་དོན་རྒྱབ་སྐྱོར་བ་༢༠༠ལྷག་ཚོགས་བཅར་གནང་ཡོད་འདུག་ལ། ཚོགས་འདུ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་འོག་གོ་སྒྲིག་གནང་ཡོད་འདུག
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཕྱི་ལོ་༡༩༧༠དོན་གྲངས་ནང་བཙུགས་ཤིང་། སྔ་ལོའི་ཕྱི་ཟླ་༡༢ནང་སླར་གསོ་དང་རྒྱ་བསྐྱེད་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་དོན་དམ་གྱི་རང་སྐྱོང་དགོས་པའི་གྲོས་འཆར་བཏོན་གནང་མཛད་པར་བོད་མིའི་དགོས་འདུན་དང་འབྲེལ་བའི་ལས་འགུལ་ལ་རྒྱ་གར་གྱི་གྲོས་ཚོགས་ནང་༡༩༨༨ལོར་འཐུས་མི་༢༡༢ནས་རྒྱབ་སྐྱོར་གནང་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎