རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་བཞིན་འདུག

2024.02.23
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་བཞིན་འདུག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཡོ་རོབ་བྷེལ་ཇིཡམ་དུ་འཚོགས་བཞིན་པ། ༠༢།༢༣།༢༠༢༤
CTA

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་བྷེལ་ཇིཡམ་གྱི་རྒྱལ་ས་(Brussels)་ནང་གི་(Thon)་གསོལ་མགྲོན་ཁང་དུ། ཟླ་བ་འདིའི་ཕྱི་ཚེས་༢༣ནས་༢༥བར་ཉིན་གྲངས་གསུམ་རིང་ཚོགས་བཞིན་པ་དང་། ཉིན་དང་པོར་གཏམ་བཤད་ཀྱི་ལས་རིམ་སྐབས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་སྐོར་གཏམ་བཤད་གནང་མཁན་གྱི་ཁོངས་སུ། དང་བླང་བོད་དོན་ཞུ་གཏུགས་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས། བོད་ནང་གི་ད་ལྟའི་འགྲོ་བ་མོའི་ཐོབ་ཐང་གི་གནས་སྟངས་ཐོག་གཟིགས་པ་ཡིན་ན། ཕྱི་ལོ་༢༠༢༣ལོའི་ནང་བོད་དེ་བཞིན་འཛམ་གླིང་ནང་རང་དབང་མེད་ཤོས་རྒྱལ་ཁབ་སི་རི་ཡ་དང་ལྷོ་སུ་ཌན་མཉམ་དུ་ཚུད་ཡོད་པ་རེད། ལོ་སྔོན་མར་རྒྱ་ནག་དེ་བཞིན་སླར་ཡང་འཛམ་གླིང་ནང་དྲྭ་རྒྱའི་རང་དབང་ཐོག་དམ་དྲག་གཏོང་མཁན་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་བརྟེན་ད་ལྟའི་བོད་ནང་གིས་བོད་མིའི་གནས་སྟངས་ཐབས་སྐྱོ་པོ་ཞིག་དུ་གྱུར་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གཞུང་གི་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བོད་པའི་སློབ་ཕྲུག་ཚོར་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྦྱོང་རྒྱུའི་རང་དབང་མེད་པ་དང་། དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་མུས་དང་། ཕྱི་སྡོད་བོད་མི་ཚོ་དང་འབྲེལ་ལམ་བྱེད་པར་དོགས་སྲུང་དང་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པའི་རྐྱེན་གྱིས་བོད་ནང་ནས་གནས་ཚུལ་རག་རྒྱུ་ཉུང་དུ་ཕྱིན་ཡོད། ཡིན་ན་ཡང་ང་ཚོས་ཤེས་རྟོགས་བྱུང་བར་སྔ་ལོ་རྒྱ་ནག་གཞུང་གིས་ཁྱོན་བོད་མི་༤༠ཙམ་བོད་མིའི་ངོ་བོ་གཅེས་འཛིན་བྱས་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་ཡོད་པ་རེད། གྲངས་ཐོ་འདི་ནི་ང་ཚོས་ཤེས་རྟོགས་བྱུང་བ་ཙམ་ལས་ང་ཚོས་ཤེས་རྟོགས་མ་བྱུང་པ་འདི་ལས་མང་བ་ཡོད་སྲིད་པ་རེད་ཅེས་སོགས་གཏམ་བཤད་གནང་སོང་།

9th International Conference of Tibet Support Groups (1).jpg
ཡང་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་སྐོར་གསུངས་སྐབས། ཁོང་གིས་ལོ་༣༠མ་ཟིན་ཙམ་རིང་བོད་ནང་གི་ཤེས་ཡོན་གནས་སྟངས་ཐད་ལས་ཀ་བྱས་བ་དང་། ཆུང་དུས་བཅའ་སྡོད་སློབ་གྲྭའི་ནང་གི་གནས་སྟངས་དངོས་སུ་མྱོང་མཁན་ཡིན་པའི་ཆ་ནས། ད་རེས་ཀྱི་ལྷན་འཛོམས་དེ་ཡང་བོད་དེ་རྒྱུན་འཛིན་ཐུབ་ཐབས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། བོད་དེ་རྒྱུན་འཛིན་ཐུབ་པ་ལ་ང་ཚོའི་མ་འོངས་གང་འདྲ་བཟོ་མིན་ལ་རག་ལུས་ཡོད་པ་དང་། ང་ཚོའི་མ་འོངས་གང་འདྲ་ཡོང་མིན་དེ་ད་ལྟའི་ཤེས་ཡོན་ལ་རག་ལུས་ཡོད་པ་རེད། འདས་པའི་ལོ་ངོ་༤༥ནང་བོད་ནང་གི་བོད་མི་མི་རབས་བཞི་ཙམ་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བསྐྱོད་མྱོང་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་གི་ལྐོག་ཇུས་ཞིག་ཆགས་ཀྱི་ཡོད་པ་རེད། ད་ཆ་རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་ནས་བོད་པའི་ན་གཞོན་བརྒྱ་ཆ་༨༨ཙམ་བཅའ་སྡོད་སློབ་གྲྭའི་ནང་མི་འདོད་བཞིན་དུ་བཙན་དབང་ཐོག་ནས་འཇུག་བཞིན་ཡོད་པ་རེད། སློབ་གྲྭ་དེ་དག་ནང་ཕྲུ་གུ་ཚོར་དམག་སྦྱོང་ལྟ་བུའི་སྦྱོང་བརྡར་དང་རྒྱ་གཞུང་ལ་དགའ་ཞེན་གྱི་སློབ་གསོ་སོགས་སྤྲོད་བཞིན་པས་བོད་པའི་ཕྲུ་གུ་རྣམས་རྒྱ་ཞེན་ཅན་དུ་འགྱུར་ཐབས་ཀྱི་སྲིད་ཇུས་ངན་པ་ཞིག་ཡིན་པ་དང་། འདི་ནི་བོད་ཀྱི་ས་ཁུལ་རེ་ཟུང་ཙམ་མིན་པར་བོད་ཁྱོན་ཡོངས་ནང་ལག་བསྟར་བྱེད་མུས་ཡིན་པ་གསུངས་གནང་སོང་།
དེའི་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ནང་གསང་བའི་མྱུལ་ཞིབ་དང་བདེ་སྲུང་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་པ་རེད།
ཚེས་༢༣་ཉིན་རྒྱབ་ཚོགས་ཆེན་གྱི་ལས་རིམ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཚོགས་ཆེན་ཐོག་ཕེབས་པའི་ཚོགས་བཅར་བ་ཚོར། བོད་ཀྱི་རྩ་དོན་རྩོད་བཞིན་པའི་འདས་བའི་ལོ་ངོ་༦༥རིང་། དམིགས་བསལ་གྱི་གྲུབ་འབྲས་སོགས་ཐོན་མེད་པའི་བསམ་བློའི་འོག་བློ་ཕམ་སོགས་ཡོང་སྲིད་ཀྱང་། རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་མ་ཉམས་པར་རྒྱུན་གནས་ཐུབ་ཡོད་པས་བཙན་བྱོལ་ནང་གི་བོད་མི་དང་ལྷག་པར་བོད་དོན་རྒྱབ་སྐྱོར་བ་ཚོ་སེམས་ཤུགས་མ་ཆག་པར་མུ་མཐུད་དུ་མཉམ་རུབ་ཀྱིས་བོད་དོན་འཐབ་རྩོད་དང་རྒྱབ་སྐྱོར་གནང་རོགས་ཞེས་དང་། བཙན་བྱོལ་ནང་བོད་མི་ཚོར་ལངས་ཕྱོགས་འདྲ་མིན་ཡོད་མིན་ལ་མ་བལྟོས་བར་ཚང་མ་མཉམ་རུབ་ཀྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ནུས་པ་མཉམ་སྤུངས་དགོས་གལ་ཆེ་བ་དང་། ཁོང་གིས་སྲིད་སྐྱོང་གི་ལས་གནས་འགན་ཁུར་བའི་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་གྲོས་ཆོད་ཁག་ཅིག་བཏོན་བཞིན་ཡོད་པ་གསུངས་གནང་སོང་།

9th International Conference of Tibet Support Groups (3).jpg
ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་བསྩལ་བའི་ནང་། གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བ་དེས་བོད་དོན་འཐབ་རྩོད་དེ་གསོན་ཤུགས་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་ཡོད། བོད་མི་ཚོར་མཚོན་ན། བློ་སྟོབས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བྱེད་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་རྒྱུན་འཛིན་སླད་ཞབས་འདེགས་བསྒྲུབ་པ་ཡང་མཚོན་ཐུབ། དེར་བརྟེན། ངོས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་རྒྱུན་དུ། ཁྱེད་ཚོས་བོད་དོན་རྒྱབ་སྐྱོར་གནང་བ་དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་ཞེས་བཤད་ཀྱི་ཡོད། འོན་ཀྱང་། བོད་ཀྱི་གནད་དོན་ནི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ཙམ་མིན་པར། འགྲོ་བ་མི་སྤྱིའི་བདེ་རྩར་ཕན་ཐོགས་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ལ། ཁོར་ཡུག་ཐོག་ནས་བཤད་ན། བོད་མཐོ་སྒང་ནི་འཛམ་གླིང་གི་མི་གྲངས་ཐེར་འབུམ་༢ལྷག་གི་འཐུང་ཆུའི་འབྱུང་ཁུངས་ཀྱང་ཡིན་ཞེས་བཀའ་སྩལ་འདུག
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བྷེལ་ཇིཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་ཡིན་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Mikulas Peksa)་ལགས། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་(Dr. Hans Gert Pottering)་ལགས་ཀྱི་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་༤༤ཙམ་ནས་ཚོགས་བཅར་བ་ཁྱོན་༡༨༠ཙམ་མཉམ་ཞུགས་གནང་བཞིན་ཡོད་འདུག


གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎