ཤར་ཏུར་ཀི་སི་ཐན་ནང་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག།
2009.07.08
༄༅༎རྒྱ་སྐད་དུ་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ཡུལ་གྲུའི་མི་རིགས་དང་རྒྱ་ཧན་མི་རིགས་དབར་ཁ་སྔོན་རེས་གཟའ་ཉི་མ་ནས་འགོ་ཚུགས་ཀྱིས་འཁྲུག་འཛིང་གི་དོན་རྐྱེན་ཤུགས་ཆེ་བྱུང་བར་བརྟེན་ད་ཆ་ཡུལ་གྲུ་དེའི་ནང་དམག་མི་སྟོང་ཕྲག་མང་པོ་ཞིག་འགྲེམས་འཇོག་བྱས་ཡོད་པ་རེད།
གོང་ཞུས་ཤར་ཏུར་ཀི་སི་ཐན་ཡུལ་གྲུའི་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་ཁ་སྔོན་རེས་གཟའ་ཉི་མ་ནས་འགོ་ཚུགས་ཀྱིས་འཁྲུག་འཛིང་གི་དོན་རྐྱེན་ནང་མི་མང་༡༥༦ཙམ་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད་མི་མང་༡༤༠༠ལྷག་ཙམ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་ཅེས་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ཐོག་དེ་རིང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་རྒྱ་ནག་གཞུང་ཕྱོགས་ནས་བརྗོད་ན་ད་རེས་རེས་གཟའ་ཉི་མའི་ཉིན་གོང་ཞུས་མི་རིགས་གཉིས་དབར་གྱི་འཁྲུག་འཛིང་གི་དོན་རྐྱེན་ནང་རྐྱེན་འདས་སུ་བཏང་བའི་མི་མང་ཆེ་བ་དེ་རྒྱ་ཧན་མི་རིགས་ཡིན་པ་རེད་ཅེས་བརྗོད་ཡོད་ཀྱང་ཡུ་གུར་ཚོགས་པའི་ངོས་ནས་གསུངས་ན་དོན་རྐྱེན་དེའི་ནང་སྲོག་སྐྱོན་བྱུང་བའི་བསྡོམ་འབོར་ནས་བརྒྱ་ཆ་དགུ་བཅུ་ལྷག་ཙམ་ཡུ་གུར་མི་རིགས་ཡིན་པ་གསུངས་འདུག ཡང་གཞུང་འབྲེལ་མི་སྣ་ཞིག་གིས་ད་རེས་རེས་གཟའ་ཉི་མའི་ཉིན་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་གྱི་འཁྲུག་འཛིང་དེ་ཕྱི་ལོ་༡༩༤༩ལོར་རྒྱ་ནག་གསར་གཏོད་བྱས་པ་ནས་བཟུང་བྱུང་བའི་དོན་རྐྱེན་ཤུགས་ཆེ་ཤོས་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག ད་རེས་ཤར་ཏུས་ཀི་སི་ཐན་ནང་དོན་རྐྱེན་དེའི་རྐྱེན་པས་ད་ལྟ་ཨི་ཊ་ལིའི་ནང་སྐོངས་ཚོགས་གནང་བཞིན་པའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཟེར་བའི་ལྷན་ཚོགས་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ལྷན་ཚོགས་ནས་ཕྱིར་འཐེན་གྱིས་འཕྲལ་དུ་རྒྱ་ནག་ནང་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་རེད་བཞག།