བོད་མིའི་ཁྱིམ་ཚང་ཁག་ཅིག་གི་ཁང་པ་གཏོར་ནས་ས་ཆ་རྩིས་སྤྲོད་དགོས་བའི་བཙན་བཀའ་བཏང་འདུག

2021.11.29
བོད་མིའི་ཁྱིམ་ཚང་ཁག་ཅིག་གི་ཁང་པ་གཏོར་ནས་ས་ཆ་རྩིས་སྤྲོད་དགོས་བའི་བཙན་བཀའ་བཏང་འདུག མཚོ་ལྷོ་ཁྲི་ཀ་ཕྱོགས་ཀྱི་ས་ཁྲ།
སྒྲིག་བཟོ། /google

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་གི་རྫོང་དང་གྲོང་ཁྱེར་ཁག་ཏུ་ཚོང་ལས་དང་བཟོ་གྲྭ་སོགས་འཛུགས་བསྐྲུན་ཆེད། མངོན་ལྐོག་གཉིས་ནས་ས་གནས་བོད་མིའི་ས་ཁང་བཙན་འཕྲོག་དང་གཏོར་བཤིག་སོགས་གཏོང་གི་ཡོད་པའི་གནས་ཚུལ་བྱུང་ཡོད་པ་བཞིན། ཉེ་ལམ་འདི་ལོའི་ཕྱི་ཟླ་༩་ཙམ་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁྲི་ཀ་རྫོང་ནས་བོད་པའི་ཁྱིམ་ཚང་༩་ཡི་ས་ཁང་ཁག རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ཞིག་གིས་ཁོ་ཚོར་བདག་སྐོར་བརྗོད་ནས་བཙན་གྱིས་ལེན་ཐབས་བྱེད་བཞིན་ཡོད་པ་དང་། ཉིན་ཤས་ནང་ཁོང་ཚོའི་ཁང་པ་ཚང་མ་གཏོར་བཤིག་མ་བཏང་ན་གཞུང་གི་ངོས་ནས་གཏོར་བཤིག་གཏོང་རྒྱུ་ཡིན་པ་སོགས་ཀྱི་བཙན་ཐབས་བཀོལ་བཞིན་ཡོད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་དུ་བརྗོད་དོན་ལྟར་ན། ས་ཆ་དེར་བོད་མི་དེ་དག་ལ་ལོ་མང་རིང་འཚོ་སྡོད་བྱས་ཡོད་པ་དང་། ད་ལྟའི་ཆར་གཞུང་གི་ངོས་ནས་སྡོད་ཁང་དེ་དག་གསར་རྒྱག་ཐད་གཞུང་གི་ཆོག་མཆན་མེད་སྐོར་བརྗོད་པ་དང་ཆབས་ཅིག བོད་མིའི་ཁྱིམ་ཚང་དགུ་པོ་དེ་དག་ལ་ས་ཁང་གི་རིན་རྒྱ་སྒོར་ཁྲི་༧་རེ་སྤྲོད་རྒྱུ་ཡིན་པ་ཡང་བརྗོད་ནས། ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ས་ཁང་དེ་དག་མགྱོགས་མྱུར་རྩིས་སྤྲོད་དགོས་བའི་བཙན་བཀའ་གཏོང་བཞིན་ཡོད་ན་ཡང་། ད་བར་བོད་མི་དེ་དག་གིས་ཨུ་ཚུགས་བྱས་ཏེ་སྡོད་བཞིན་འདུག་པས་ཁང་པ་གཏོར་མི་འདུག གལ་ཏེ། ད་ལྟའི་སྡོད་གནས་ནས་གནས་སྤོར་བྱེད་དགོས་བྱུང་ན། རྫོང་ཐོག་ནས་སྡོད་ཁང་གཞན་ཉོ་བར་རྒྱ་སྒོར་ཁྲི་༡༥་ཙམ་སྤྲོད་དགོས་པའི་གནས་སྟངས་འོག་སྤོར་མི་ཐུབ་པའི་དཀའ་ངལ་འོག་གནས་ཡོད་པ་རེད་འདུག
དེང་སྐབས་བོད་ཁུལ་དུ་རྒྱ་ནག་གཞུང་གིས་གྲོང་གསེབ་དང་ས་ཁུལ་དར་རྒྱས་ཟེར་བའི་ལས་གཞིའི་འོག་ནས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོང་ལས་ཚོགས་པ་དང་བཟོ་གྲྭ་སོགས་ནས་བོད་ཁུལ་དུ་འཛུགས་སྐྲུན་སྣ་མང་བྱེད་བཞིན་ཡོད་པ་བཞིན། ཉེ་སྔོན་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་རྩོམ་པ་པོ་ཞིག་གིས། བོད་ནང་རྒྱ་ནག་གཞུང་གིས་རྩྭ་ས་དང་སྡོད་གནས་ས་ཆ་བཙན་འཕྲོག དེ་བཞིན་རྒྱ་ནག་གཞུང་གིས་འབྲོག་པ་གནས་སྤོའི་འོག་ནས་བོད་མི་ཚོར་དཀའ་ངལ་ག་འདྲ་འཕྲད་བཞིན་པའི་སྐོར་དཔེ་དེབ་ཞིག་དཔར་བསྐྲུན་བྱེད་ཐབས་བྱས་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པ་འགྲེལ་བརྗོད་བྱུང་། འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀག་འགོག་བྱས་པའི་དཔེ་དེབ་ཞིག་ལག་སོན་བྱུང་བ་དེའི་ནང་། རྒྱ་ནག་གཞུང་གིས་སྲིད་བྱུས་འདྲ་མིན་འོག་ནས་བོད་མི་ཚོའི་ས་ཆ་བཙན་འཕྲོག་དང་། མི་ལོ་སྟོང་ཕྲག་རིང་བོད་མི་འཚོ་གནས་བྱེད་སའི་ས་ཆ་དེ་དག་ཀྱང་ཁྲིམས་འགལ་བདག་བཟུང་བྱས་སྟེ། མགོན་མེད་དཔུང་མེད་ཀྱི་བོད་མི་ཚོར་ཐབས་ཤེས་གང་ཡང་མེད་སྐོར་སོགས་བྲིས་འདུག
གཞན་རྒྱ་ནག་གཞུང་གིས་ས་ཁང་འགན་བཅོལ་ཡིག་ཆ་ཟེར་བ་ཞིག་བཟོས་ཏེ། ས་ཆ་དང་རྩྭ་ས་གང་ཞིག་ཡིན་ཡང་གཞུང་གི་བདག་དབང་འོག་ཡོད་ལུགས་བརྗོད་བཞིན་ཡོད་སྟབས། བོད་མི་ཚོའི་ས་ཁང་འགན་བཅོལ་ཡིག་ཆ་ཟེར་བ་དེའི་འོག་ནས་བཙན་ཐབས་ཀྱིས་ལེན་བཞིན་ཡོད་འདུག བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ཕྱི་ལོ་༢༠༡༤་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ས་ཁང་འགན་བཅོལ་ཡིག་ཆ་ཟེར་བ་ཞིག་བཀྲམས་ཡོད་པ་དང་། ལྷག་པར་དེང་སྐབས་གྲོང་གསེབ་དང་གྲོང་ཁྱེར་དར་རྒྱས་དང་འཛུགས་སྐྲུན་ཟེར་བ་དང་འབྲེལ་ནས། བོད་མི་ཚོའི་ས་ཁང་སོགས་ཐོན་ཁུངས་ཤུགས་ཆེན་ཡོད་ས་དང་ཚོང་ལས་གཉེར་སྟབས་བདེ་ས་སོགས་ས་ཁང་འགན་བཅོལ་ཟེར་བའི་ནང་བཅུག་སྟེ་བཙན་འཕྲོག་དང་གཏོར་བཞིག་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་ནང་བོད་མི་ཚོའི་ས་ཁང་བཙན་འཕྲོག་གཏོར་བཤིག་གི་གནས་ཚུལ་རིགས་བསྟུད་མར་ཡོང་གི་ཡོད་པ་བཞིན། ཕྱི་ལོ་༢༠༡༩་ལོའི་ཟླ་༢་ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་སྲིད་གཞུང་གིས། བོད་མི་ཚོས་རྫོང་ཐོག་ཏུ་ཁང་པ་ཆེན་པོ་རིགས་བརྒྱབ་སྟེ་གཏན་སྡོད་བྱེད་མི་ཆོག་སྐོར་བརྗོད་ནས། བོད་ཁང་ཆེན་པོ་རྣམས་གཏོར་ཚར་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གུན་གསབ་ཕྲན་བུ་རེ་སྤྲད་ནས་ས་གནས་གཞན་དུ་སྤོ་རུ་འཇུག་ཏེ། རྗེས་སུ་ས་ཆ་དེ་དག་གི་སྟེང་སྲིད་གཞུང་གི་འཛུགས་སྐྲུན་ལས་གཞི་གཉེར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎