ཀངྒ་ར་རྫོང་གི་ངོས་ནས་གྲོས་ཚོགས་ཚོགས་འདུ་འཕར་མ་ཚོགས་ཆོག་པའི་ཆོག་མཆན་གནང་མེད་ཟེར།

2021.05.17
ཀངྒ་ར་རྫོང་གི་ངོས་ནས་གྲོས་ཚོགས་ཚོགས་འདུ་འཕར་མ་ཚོགས་ཆོག་པའི་ཆོག་མཆན་གནང་མེད་ཟེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་།
Lhuboom/RFA

བཀའ་སྤྱི་ལྷན་རྒྱས་བཀའ་བསྡུར་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བཞིན་འཚོགས་རྒྱུ་ཡིན་པ་བརྡ་ཐོ་བཏང་འདུག་ཀྱང་ཀངྒ་ར་རྫོང་དཔོན་གྱིས་ཚེས་༢༦་བར་མི་མང་འདུ་འཛོམས་ཀྱི་ཆོག་མཆན་མེད་པ་འགྲེལ་བརྗོད་གནང་སོང་།
འདི་ཚེས་༡༦་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུ་བཞུགས་ཐོག་བཀའ་ཤག་དང་སྤྱི་འཐུས་ཚོགས་གཞོན་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ཛ་དྲག་གིས་ལྷན་འཛོམས་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བཞིན་སྤྱི་ཟླ་༥་པའི་ཚེས་༢༤་རེས་གཟའ་ཟླ་བའི་ཉིན་འཚོགས་རྒྱུ་ཡིན་པ་དང་། སྤྱི་འཐུས་རྣམས་འདི་ཚེས་༢༢་འགྱངས་མེད་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཐོ་འགོད་གནང་ཡོང་བ་ཞུ་ཞེས་ཚོགས་དྲུང་ལས་ཁུངས་ནས་བརྡ་ཐོ་བཏང་འདུག འོན་ཀྱང་། དེང་སྐབས་འཛམ་གླིང་སྤྱི་དང་། ལྷག་པར་དུ། བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཀངྒ་ར་རྫོང་ཁུལ་དུ་ཀོཝིཌ་༡༩་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་དབང་གིས། རྒྱ་གར་ས་གནས་རྫོང་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་ཆེད་ད་ལྟ་ལག་བསྟར་བྱེད་མུས་ཡིན་པའི་ཁྱིམ་སྡོད་བཀའ་རྒྱ་དེ་བཞིན་སྤྱི་ཟླ་༥་པའི་ཚེས་༢༦་བར་ཕར་འགྱངས་གནང་ཡོད་པ་གསལ་བསྒྲགས་སྤེལ་འདུག་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀངྒ་ར་རྫོང་དཔོན་སྐུ་ཞབས་(Rakesh Kumar Prajapati)་ལགས་སུ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མ་དེ་བཞིན་ཚོགས་ཆོག་པའི་བཀའ་ཁྲོལ་ཐོབ་ཡོད་མེད་བཅར་འདྲི་ཞུས་པར། སྤྱི་ཟླ་༥་པའི་ཚེས་༢༦་བར་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་ང་ཚོའི་ངོས་ནས་ཆོག་མཆན་སྤྲད་མེད་ལ། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མ་འཚོགས་རྒྱུ་དང་འབྲེལ་བའི་སྙན་སེང་ཞུས་ཡོད་མིན་ལ་མ་བལྟོས་བར་བཀའ་ཁྲོལ་གནང་མེད་པ་འགྲེལ་བརྗོད་གནང་བྱུང་།

parliament.jpg

ཡང་འདི་གའི་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ཚེས་༡༦་ཉིན་བཀའ་སྤྱི་ལྷན་རྒྱས་བཀའ་བསྡུར་སྐབས། རྒྱ་གར་ས་གནས་རྫོང་གི་འབྲེལ་ཡོད་ལས་བྱེད་ནས་ཁྱབ་བསྒྲགས་མེད་པར་གསང་བའི་སྒོ་ནས་ཚོགས་འདུ་ཚོགས་ན་འགྲིག་གི་ཡོད་ལུགས་ངག་ཐོག་ཁས་ལེན་བྱུང་ཡོད་པར་བརྟེན་ཚོགས་འདུ་ཚོགས་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་འདུག འོང་ཀྱང་། ང་ཚོས་སླར་ཡང་འདི་ཚེས་༡༧་ཉིན་ས་གནས་རྫོང་དཔོན་མཆོག་ལ་སྤྱི་འཐུས་གྲོས་ཚོགས་ཚོགས་འདུ་ཚོགས་རྒྱུའི་བཀའ་ཁྲོལ་གནང་ཡོད་མེད་བཅར་འདྲི་ཞུས་པར། རྫོང་དཔོན་གྱིས། བཀའ་ཁྲོལ་གང་ཡང་རུང་བ་ཞིག་ཡིག་ཐོག་ནས་སྤྲོད་དགོས་པ་ལས་ངག་ཐོག་བཀའ་ཁྲོལ་སྤྲོད་སྲོལ་མེད། གང་ལྟར་ཁ་སང་ཞུས་པ་ལྟར། སྤྱི་ཟླ་༥་པའི་ཚེས་༢༦་བར་ཧི་མ་ཅལ་མངའ་སྡེའི་ནང་ཆབ་སྲིད་དང་རིག་གཞུང་། ཆོས་ལུགས་བྱེད་སྒོ་སོགས་མི་མང་འདུ་འཛོམས་རིགས་ཀྱི་བྱེད་སྒོ་རྣམས་སྤེལ་ཆོག་གི་མེད་པར་ཡོངས་སུ་བཀག་ཡོད་པ་འགྲེལ་བརྗོད་གནང་སོང་།
དེ་དང་ཕྱོགས་མཚུངས་གོང་ཞུས་རྒྱ་གར་ས་གནས་རྫོང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་ཡོངས་ཁྱབ་ཁྲིམས་གཞི་དེའི་ནང་། དུས་ཅིག་ཏུ་མི་ལྔ་ལྷག་འདུ་འཛོམས་བྱས་པ་ཡིན་ན་ཁྲིམས་འགལ་ཡིན་པ་གསལ་སྟོན་བྱས་འདུག་པ་དང་། གལ་ཏེ་འདི་ཚེས་༢༤་ཉིན་གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་པའི་ནང་གསལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཞེས་པའི་དོན་ཚན་དེ་དང་ཡང་མ་མཐུན་པ་ཆགས་ཡོད།

བཞུགས་སྒར་དུ་གནས་བཞུགས་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ཚེས་༢༤་ཉིན་གྲོས་ཚོགས་འཕར་མ་དེ་བཞིན་ཚོགས་པ་ཡིན་ན། ཧི་མ་ཅལ་གཞུང་གི་ཁྲིམས་དང་འགལ་གྱི་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡང་འགལ་གྱི་ཡོད་པར་བརྟེན། ཁོང་རང་ཉིད་ཚོགས་འདུར་བཅར་རྒྱུའི་གནས་བབས་མེད་ཅེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་འདི་གའི་རླུང་འཕྲིན་ཁང་ནས་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་མི་ཉུང་བ་ཞིག་ལ་གྲོས་ཚོགས་འཕར་མ་འཚོགས་རྒྱུ་དང་འབྲེལ་བའི་བཅར་འདྲི་བྱེད་ཆོག་པའི་རེ་འདུན་ཞུས་ཀྱང་དང་ལེན་གནང་མ་སོང་ལ། སྤྱི་འཐུས་འགའ་ཞིག་གིས་ཁ་པར་ཁ་བཀག་འདུག

གཞི་རྩའི་ཆ་ནས་དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་པའི་གྲོས་ཚོགས་འཕར་འགྱངས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཆགས་བའི་དབང་གིས་ལོ་དེའི་སྤྱི་ཟླ་༩་པའི་གྲོས་ཚོགས་དེ་བཞིན་འཕར་འགྱངས་གནང་ཡོད་པ་དང་། རྡ་རམ་ས་ལ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཡིན་པར་བརྟེན། ཚང་མར་གཅིག་མཚུངས་ཀྱི་འོས་འགན་ཡོད་པ་མ་ཟད། གལ་ཏེ། སྐབས་དེར་གྲོས་ཚོགས་ཚོགས་པའི་དབང་དུ་བཏང་བ་ཡིན་ནའང་། རྒྱ་གར་གྱི་ཕྱི་ཕྱོགས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་རྣམས་ཕེབས་ཐུབ་ཀྱི་མེད་པ་སོགས་འགྲེལ་བརྗོད་བྱས་འདུག འོན་ཀྱང་། ད་སྐབས་རྡ་རམ་ས་ལའི་ཁུལ་དུ་ནད་ཡམས་ཀྱི་གནས་སྟངས་ནི་ཉིན་རེར་བཞིན་ཛ་དྲག་གི་གནས་སུ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎